R194: ཁྱབ་བདག་རྡོ་རྗེ་འཆང་ངུར་སྨྲིག་གི་བླ་གོས་འཆང་བ་དཔལ་གནས་གསར་བ་ཆེན་པོ་འཇམ་མགོན་བླ་མ་ཐམས་ཅད་མཁྱེན་པ་ལེགས་པའི་མཚན་གྱི་ཞལ་སྔ་ནས་ཀྱི་རྣམ་པ་ཐར་པ་ངོ་མཚར་རབ་འབྱམས།

  • Pagination (Witness A): ༢༩༦
[A:༢༩༦]ཀྱི་ལྔ་བརྒྱ་ཕྲག་གཅིག་སྟེ། །སྡོམ་པས་ལོ་གྲངས་དྲུག་བརྒྱ་གཉིས་གནས་ཤིང༌། །ལྔ་བརྒྱ་ཕྲག་བཅུ་རྟགས་ཙམ་འཛིན་པ་བཅས། །ཆིག་སྟོང་ཆིག་བརྒྱ་གཉིས་ཡོད་བརྩོན་འགྲུས་སྐྱེད། །སྐྱེ་བ་ཀུན་ཏུ་ཁྱེད་ཞལ་མཐོང་བ་དང༌། །གསུང་གི་བདུད་རྩི་འཐུང་ཞིང་བགྱི་བ་ཀུན། །བླ་མ་དམ་པ་མཉེས་པའི་རྒྱུར་གྱུར་ནས། །རང་གཞན་དོན་གཉིས་མ་ལུས་མཐར་ཕྱིན་ཤོག །གནས་སྐབས་རྒྱལ་བསྟན་སྤྱི་དང་ས་སྐྱ་པའི། །བསྟན་དང་བསྟན་འཛིན་སྦྱིན་བདག་དར་བ་དང༌། །དེ་ལ་བརྟེན་ནས་གདུལ་བྱ་སྤྱི་བྱེ་བྲག །འཕྲལ་ཡུན་ཕན་བདེའི་དཔལ་ལ་སྤྱོད་པར་ཤོག །རྗེ་བཙུན་བླ་མའི་བརྩེ་ཆེན་བྱིན་རླབས་དང༌། །བདག་སོགས་གདུལ་བྱའི་དད་པས་གསོལ་བཏབ་མཐུས། །གནས་སྐབས་མཐར་ཐུག་རྟེན་འབྲེལ་ཟབ་མོ་ཀུན། །མི་འགྱུར་ལྷུན་གྱིས་གྲུབ་པའི་བཀྲ་ཤིས་ཤོག །ཅེས་རིགས་དང་དཀྱིལ་འཁོར་ཀུན་གྱི་ཁྱབ་བདག་དྲུག་པ་རྡོ་རྗེ་འཆང་ཆེན་གཞན་ངོར་ངུར་སྨྲིག་གི་བླ་གོས་འཆང་བ་བཀའ་དྲིན་མཉམ་མེད་གནས་གསར་འཇམ་མགོན་བླ་མ་ལེགས་པའི་མཚན་ཅན་གྱི་ཞལ་སྔ་ནས་ཀྱི་ངོ་མཚར་རྟོགས་བརྗོད་རགས་རིམ་དུ་བྲིས་པ་འདི་ནི། རྣམ་འདྲེན་དམ་པའི་ཞབས་འབྲིང་ལྷག་བསམ་ཅན་བློ་གསལ་རབ་རྒྱས་ནས་རྗེ་དེ་ཉིད་ཀྱི་བཀའ་དངོས་སུ་ཕེབ་པ་དང༌། ཕྱག་མཛོད་འཇམ་དཔལ་སོགས་ཞལ་སློབ་དུ་མའི་ངག་ལས་ཐོས་པ་རྣམས་ལོ་ཚིགས་དང་བཅས་པ་གཞིར་གཟུང་ཞིང༌། གདུང་རུས་སྐོར་ལ་ཡིག་ཚང་རྙིང་མའི་ཁུངས་དང་རང་ཕྱོགས་ཀྱི་ངག་རྒྱུན་བཅས་བཀོད་ཅིང༌། མགོན་པོ་བསོད་ནམས་མཆོག་ལྡན་མན་གསུང་རྒྱུན་དང༌། གོང་ས་རྡོ་རྗེ་འཆང་ལྔ་པ་ཆེན་པོའི་རྣམ་ཐར་གོ་བསྟུན་སྐུ་བལྟམས་པ་དང༌།