R196: དཔལ་ས་སྐྱ་པ་ཆེན་པོ་སྔགས་འཆང་བླ་མ་ཐམས་ཅད་མཁྱེན་པ་ངག་དབང་ཀུན་དགའ་བློ་གྲོས་སངས་རྒྱས་བསྟན་པའི་རྒྱལ་མཚན་དཔལ་བཟང་པོའི་རྟོགས་པ་ངོ་མཚར་འཕྲུལ་གྱི་རོལ་རྩེད་སྡེ་བཞིའི་འབྱུང་གནས།

  • Pagination (Witness A): ༤༩༥
[A:༤༩༥]ནས་དེ་ལྟའི་ཐུགས་ངལ་མི་བཞེས་པར་འཕྲལ་ཡུན་གང་ཅིར་འདི་ནས་ཀྱང་ཞུ་ཆ་མང་དུ་མཆིས་པས་དེ་བཞིན་ཐུགས་ཁུར་ཆེ་བཞེས་ཞུ་གསུངས་པས་ཐུགས་གསོས་ཏེ་གནས་སྐབས་ཀྱི་གསུང་གླེང་དང༌། འཇམ་མགོན་དེས་སྤུར་དྲུང་ཐུགས་དམ་གསལ་འདེབས་སོགས་དང་དུས་མཐའི་ཞལ་བཀོད་ཚང་མ་གནང་བ་དང་ཆབས་གཅིག་རྗེ་རྡོ་རྗེ་འཆང་ནས་ཀྱང་ཐུགས་དམ་གྱི་རྩིས་གང་ཟིན་མཛད་དེ་ཚེས་ལྔ་ནས་བཟུང་ཀྱེ་རྡོར་སྒྲུབ་མཆོད་ལ་ཐུགས་གཞོལ་བའི་སྐབས་དང༌། ཆོས་སྡེ་ཉི་ཟླ་ཟུང་ནས་ཀུན་རིག་སྒྲུབ་མཆོད། བཟང་སྤྱོད་འབུམ་ཐེར། བན་ཚང་པས་ཀྱེ་རྡོར་སྒྲུབ་མཆོད་རྣམས་དང༌། ཞག་གསུམ་ནས་ཐུགས་དམ་གྲོལ་རྟགས་ཇེ་གསལ་གྱིས་འཇམ་མགོན་མུས་ཆེན་ངག་དབང་ལགས་རྣམས་ནས་གསུང་ཆོག་དང༌། ཚེས་བདུན་ལ་སྤུར་ཆས་ཞལ་བཀོད་ཀྱིས་སྤུར་བཞུའི་གནས་འགའ་ཞིག་བརྟག་སྒྲིལ་གནང་བར་ཕུན་གླིང་ཚོམས་ཆེན་འཐོན་པས་དེར་བཅའ་སྒྲིག་དང་བྲག་རྩ་རྗེའི་དགོངས་རྫོགས་འཆར་ཅན་ཡང་གནང༌། ཆོས་བརྒྱད་སྔ་དྲོ་མཆོད་ཕྲེང་རྒྱས་པའི་དབུས་སུ་སྐུ་སྤུར་སྤྱན་འདྲེན་གྱིས་ཕུན་གླིང་སྒོ་འཕྱོར་དུ་ཉེ་སྐོར་སྐྱ་སེར་ཚང་མས་བྱིན་རླབས་ཞུས་རྗེས་ཚོམས་ཆེན་དུ་གང་གི་འཇམ་མགོན་དཔོན་སློབ་རྣམས་ཀྱིས་ཀྱེ་རྡོར་སྦྱིན་སྲེག་སྒོ་ནས་བཞུ་སྦྱངས་མཛད་པས་ཆབ་ནད་ཅན་གྱི་སྐུ་སྤུར་དེ་ནི་བརླན་མེད་ལྟར་སྐད་ཅིག་ལ་མེ་མཆོད་བཞེས་པས་འཇམ་མགོན་ཐུགས་དགེས་ཏེ་གསུང་ཆོག་གི་མཚམས་ཤིག་ལ་བུམ་སྒོར་ཐུགས་རྟོག་མཛད་པས་དབུ་ཡོངས་རྫོགས་དེ་ཕྱོགས་སུ་དུད་དེ་དབུ་ཐོད་ལོགས་ལ་ཁ་སར་པ་ཎི་འདྲ་བའི་བཞེངས་སྐུ་གསལ་བ་གཟིགས་ཤིང༌། ནང་ལྟས་དང་བསྟུན་ནམ་མཁའ་ལའང་ངོ་མཚར་འདྲ་ཡོད་འགྲོ་དགོངས་གཟིགས་པས་ཉི་མ་གསལ་ཞིང་འཇའ་དཀར་ཕོན་ཙམ་བྱུང་བས། འོ་ཡ་གི་ཀ་ཡིན་འདུག་གསུངས་