R196: དཔལ་ས་སྐྱ་པ་ཆེན་པོ་སྔགས་འཆང་བླ་མ་ཐམས་ཅད་མཁྱེན་པ་ངག་དབང་ཀུན་དགའ་བློ་གྲོས་སངས་རྒྱས་བསྟན་པའི་རྒྱལ་མཚན་དཔལ་བཟང་པོའི་རྟོགས་པ་ངོ་མཚར་འཕྲུལ་གྱི་རོལ་རྩེད་སྡེ་བཞིའི་འབྱུང་གནས།

  • Pagination (Witness A): ༤༩༤
[A:༤༩༤]པས། རྐྱེན་སེལ་རིམ་གྲོ་སྨན་ཟས་སྤྱོད་སོགས་གང་ལའང་འགྱོད་མེད་དེ་ཙམ་ཞིག་ནི་བགྱིས། ལས་དབང་བཟློག་མེད་འདི་འདྲ་ཨང་གསུང་བའི་མུར་ཞམ་འབྲིང་པ་རྣམས་ནས་ཐུགས་གསོ་དང་སྦྲགས་དགོངས་རྫོགས་སྐོར་གྱི་ཞལ་བཀོད་དང༌། སྐུ་བསྟོད་སོགས་གསོལ་བཏབ་ལ་དེ་རིང་མང་ཇ་ཞིག་དང༌། གཞན་རྣམས་འཇམ་མགོན་དཔལ་ལྡན་ཆོས་སྐྱོང་སོགས་ལ་ཞུ་རྩིས་ཡིན། གསོལ་འདེབས་ད་ལྟ་འོང་གསུངས་ནས་འགྲོ་ལ་རྗེས་བརྩེ་མ་འདི་སྐད་ཅིག་ལ་སྩལ། ཀྱེ་མ་ཐུབ་དབང་བསྟན་པའི་སོགས་ཤློ་ཀ་གཅིག་ནི་ལོ་དེའི་དཔྱིད་གོང་ས་རིན་པོ་ཆེ་སོགས་བསྟན་འཛིན་གཞན་གཤེགས་པའང་ཐུགས་དྲན་གྱི་གསུང་ཡིན་གསུངས། དར་ཙམ་ནས་འཇམ་མགོན་དཔལ་ལྡན་ཆོས་སྐྱོང་སྤྱན་ཆབ་ཀྱིས་བརྣངས་པ་ཙམ་གསུང་འདར་བཞིན་དུ་དེ་རིང་བདག་སོགས་གདུལ་བྱ་ཀུན་གྱི་བསོད་ནམས་དུས་གཅིག་ཏུ་ཟད་པའི་གནས་ཚུལ་ངན་པ་དེ་འདྲ་མཐོང་བྱུང་བས་ད་ཆ་སྐྱབས་མགོན་དམ་པ་ཉིད་ཞབས་པད་ཡུན་བཞུགས་ཀྱི་དགོངས་པ་གཡེལ་མེད་ནས། བསྟན་དོན་ལར་རྒྱ་ཚང་མར་ཐུགས་བསྐྱེད་ཟབ་སྒྲོན་ཞུ་དགོས་ལའང་རིམ་བཞིན་གསན་བཞེས་ཐུགས་རྗེ་ཆེ་དགོས་ཞེས་དངོས་པོའི་འབུལ་ཆ་དང་བཅས་མཛད་པས། བཀའ་ལས། སྤྱིར་བདག་རང་བསོད་ནམས་དམན་པས་གཞོན་ནུ་ནས་ཡབ་རྗེ་རྡོ་རྗེ་འཆང་གཤེགས། གདན་སའི་ཁུར་བྱིས་པ་ཞིག་ལ་བབས། བར་སྐབས་སུ་ཡ་ཧུད་ཡོང་ལ་ཁད་ཀྱི་སྣང་ཚུལ་དུ་མའང་བྱུང༌། ཁྱད་པར་ནུ་བོ་དེ་བདག་རང་ལ་འཁྲི་ཞིང་གདན་ས་འཛིན་པར་མེད་ཀ་མེད་རང་ཡིན་ཀྱང༌། སྡོད་རིང་ལུས་གཅོང་ཞིང་ད་ལོ་ནད་ཡུན་རིང་པོར་བྱེད་སྒོ་ཀུན་འཐུད་མ་ཤོར་བར་བྱས་ཁུལ་དང༌། ཁྱད་པར་སྐུ་ཞབས་ཉིད་ནས་དེ་ལྟ་བུའི་ཐུགས་བརྩོན་མཛད་ཀྱང་གེགས་ཆག་བཟློག་མེད་ཀྱི་སྣང་ཚུལ་འདིར་བདག་ནི་ཚིག་པ་ཟ་རང་དྲགས་ཀྱང་བྱ་ཐབས་མི་འདུག་པས་སྐུ་ཞབས་