R196: དཔལ་ས་སྐྱ་པ་ཆེན་པོ་སྔགས་འཆང་བླ་མ་ཐམས་ཅད་མཁྱེན་པ་ངག་དབང་ཀུན་དགའ་བློ་གྲོས་སངས་རྒྱས་བསྟན་པའི་རྒྱལ་མཚན་དཔལ་བཟང་པོའི་རྟོགས་པ་ངོ་མཚར་འཕྲུལ་གྱི་རོལ་རྩེད་སྡེ་བཞིའི་འབྱུང་གནས།

  • Pagination (Witness A): ༣༢༥
[A:༣༢༥]བཤགས་པ་མཛད་པས་སྒྲོལ་མ་ཞལ་གཟིགས། ཁྱོད་ཀྱིས་ཐེག་པ་ཆེན་པོའི་བསྟན་བཅོས་མང་དུ་གྱིས་ཤིག །སྡིག་པ་བྱང་བར་འགྱུར་རོ་གསུངས། དེ་ནས་ཕྱིས། རྒྱལ་པོ་མ་ཧཱ་པཱ་ལའི་དུས་སུ། པྲྀཀྵ་པུ་རི་ཞེས་བྱ་བའི་གནས་གཞི་བཟང་པོ་ཞིག་ཕུལ། བི་ཀྲ་མ་ཤཱི་ལའི་པཎྜི་ཏའི་སཏྲ་ཡང་ཕུལ་ནས་ཆོས་ཀྱང་མང་དུ་གསུངས། སྙན་པའི་གྲགས་པ་ཆེར་བྱུང༌། བསླབ་བཏུས་དང༌། སྤྱོད་འཇུག །ནམ་མཁའི་སྙིང་པོའི་མདོ་སྡེ་སོགས་ལ་བསྡུས་འགྲེལ་རེ་ཡང་མཛད། མདོ་སྔགས་ཀྱི་བསྟན་བཅོས་ཐོར་བུ་བརྒྱ་རྩ་ཙམ་མཛད་དོ། །དེ་ལྟ་བུའི་སློབ་དཔོན་ཛེ་ཏ་རེའི་དགྲ་ལས་རྣམ་རྒྱལ་དེ་ཉིད་ནི་དགུང་ལོ་བརྒྱ་དང་བཅུ་གཉིས་བཞུགས། དགུང་ལོ་བརྒྱད་ཉིད་ཀྱི་ཐུགས་སྲས། ཐོག་མར་མ་ཧེའི་རྫི་བོ་ནས་ཤིང་འཁོགས་པ་ཞིག་ཡིན་པ་ལ། སློབ་དཔོན་གྱིས་འཇམ་དཔལ་དཀར་པོའི་གདམས་ངག་གནང་ཞིང་བསྒོམས་པས། མཁས་པ་ཆེན་པོར་གྱུར་པ་པཎྜི་ཏ་མ་ཏིའམ། སྒེག་པའི་རྡོ་རྗེ། ནོར་བུ་གླིང་པ་སོགས་མཚན་གྱི་རྣམ་གྲངས་དང་ལྡན་པ་དེར་གནང་བ་སོགས་ངོ་མཚར་གྱི་རྣམ་པར་ཐར་པ་རབ་ཏུ་གསལ་བ་དེ་ཉིད་ཀྱི་སྤྲུལ་པའི་རོལ་གར་དུ་གདམས་པ་དང༌། གཞན་དུ་ན་༧སྐྱབས་གཅིག་རྡོ་རྗེ་འཆང་ཆེན་པོ་དེ་ཉིད་ཀྱི་ཞལ་ལུང་རྗེ་བཙུན་ས་སྐྱ་པའི་གདུང་རབས་རིན་པོ་ཆེའི་ཞལ་སྐོང་ལས་འདི་ལྟར་གླེང་བར་མཛད་དེ། སྒྲོ་མོ་ལུང་པ་མང་ཐོས་བསོད་ནམས་ཆོས་འཕེལ་གྱི་སྐུ་སྐྱེར་ངོས་འཛིན་བྱེད་ཅིང༌། རང་ཡང་དེ་ཡིན་ཁུལ་གྱིས། གནས་གསར་རྗེས་རྣམ་ཐར་ནའང་ཧམ་ལབ་ཚད་མེད་བྲིས་ཡོད་གསུངས་པ་དང༌། ཁོ་བོས་སྤྲེའུ་སྣྲོན་ཟླའི་ཚེས་མགོར་མངལ་བཟུང༌། དཔོན་སློབ་དེ་རྒྱལ་ཟླའི་ནང་དུ་གཤེགས་གསུངས་པས་ལོ་ཟླའི་བབ་ཀྱང་འགྲིག་པ་དང༌། གང་ལྟར་གནས་གསར་རྗེའི་རྣམ་ཐར་ན་འདི་ལྟར་འབྱུང་སྟེ། གནས་གསར་རྡོ་རྗེ་འཆང་དེ་ཉིད་ཀྱིས་སྒྲོ་མོ་ལུང་པ་མང་ཐོས་བསོད་ནམས་ཆོས་འཕེལ་གྱི་