R196: དཔལ་ས་སྐྱ་པ་ཆེན་པོ་སྔགས་འཆང་བླ་མ་ཐམས་ཅད་མཁྱེན་པ་ངག་དབང་ཀུན་དགའ་བློ་གྲོས་སངས་རྒྱས་བསྟན་པའི་རྒྱལ་མཚན་དཔལ་བཟང་པོའི་རྟོགས་པ་ངོ་མཚར་འཕྲུལ་གྱི་རོལ་རྩེད་སྡེ་བཞིའི་འབྱུང་གནས།

  • Pagination (Witness A): ༣༢༦
[A:༣༢༦]སྐུ་མདུན་དུ། ནི་གུའི་ཆོས་སྐོར་ཡོངས་རྫོགས་དང༌། དཀོན་མཆོག་སྤྱི་འདུས་ཀྱི་དབང་སོགས་གསན་པར་ཕེབས་སྐབས། དཔོན་སློབ་དེ་ཉིད་ཐུགས་ཉམས་འུར་བ་ལྟ་བུའི་གསུང་ལས། ཤིང་གླང་མའི་སྟེང་དུ་བྱ་ཁྱུང་ཆེན་བབས། ཁྱེད་གནས་གསར་གྱི་དཔོན་པོ་ཁམས་ཆེན་དེ། ངེད་སྒོམ་ཆེན་གྱི་གནས་སུ་ཕེབས་པ་ངོ་མཚར་ཆེ། ཞེས་སོགས་ཐུགས་ཤིན་ཏུ་སྤྲོ་བའི་གསུང་གླེང་དང༌། བཞུགས་རིང་གསོལ་ཟས་སོགས་མཐུན་རྐྱེན་གྱ་ནོམ་པ་སྩལ་བས། རྗེས་སུའང་གནས་གསར་རྗེའི་གསུང་ལས། ངའི་བླ་མ་རྨོར་ཆེན་རྡོ་རྗེ་འཆང་ཁམས་གསུམ་དབང་སྡུད་དེ་ཉིད་ཀྱི་སྐུ་དྲུང་དུ་འདུག་པ་ལས། སྒྲོ་ལུང་པ་ཆེན་པོ་སྒོམ་ཆེན་གྱི་བླ་མའི་དྲུང་དུ་འདུག་པ་བཟའ་བཏུང་མོད་པ་བྱུང༌། ཞེས་གསུངས། ནི་གུའི་བཀའ་འཁྲིད་རྣམས་སྩོལ་སྐབས་ཤོག །བཞུགས་གཡབ་ན་ཉི་གྲིབ་ཀྱི་མཐར་རྡོ་བས་མནན་ནས་ལུང་གསན་སྐབས་རླུང་དྲག་པོས་རྡོ་ལག་མགོ་ཙམ་ཞིག་དཔོན་སློབ་ཀྱི་སྐུ་མདུན་དུ་ཤུགས་དྲག་གིས་ལྷུངས་པས། ཆོས་ཞུ་བ་ཚང་མ་འཇིགས་ནས་གསུང་ཤོར། དཔོན་སློབ་ནི་དེ་མ་ཐག་སྐུ་དྲང་པོར་བསྲངས། སྤྱན་བར་སྣང་ལ་ཧྲིག་གེ་གཟིགས་ནས། ཨ་སྒྱུ་མ་ཡིན་གསུང་བ་དང་མཉམ་དུ་ཡུག་གཅིག་ལྟ་བར་འབྱམས་སོང་བས། ཆོས་ཞུ་བ་གཞན་ཚོའི་ཐུགས་ལ་ཅི་འཁྲུངས་ནི་མ་ཤེས། གནས་གསར་རྗེའི་ཐུགས་རྒྱུད་ལ་སྒྱུ་མ་ལྟ་བུའི་ཏིང་ངེ་འཛིན་ཁྱད་པར་ཅན་ཞིག་དེ་དུས་འཁྲུངས་པར་མངོན་ཏེ། གསུང་ལས། ངས་ནི་དེ་སྐབས་སྐུ་མདུན་དུ་ཆོས་གང་ཞུས་པ་ལས་དེ་དུས་བོགས་ཆེ་བ་བྱུང་གསུངས། འཐོན་ཕྱག་སྐབས་གནས་གསར་རྗེའི་མགུལ་ལ། མེ་ལོང་གི་རྒྱབ་ལ་རྣལ་འབྱོར་དབང་ཕྱུག་བིརྺ་པའི་ཐུན་མོང་གི་སྲུང་བའི་སྐབས་ཀྱི་སྐུའི་རྣམ་འགྱུར་གྱི་རི་མོ་ཡོད་པ་ཞིག་གསོལ། ཕྱག་གཡས་ལྕགས་ཀྱི་རྡོ་རྗེ་འཕྱར་བའི་སྟངས་ཀ །གཡོན་ལྕགས་ཕུར་ཐུར་དུ་གནོན་པའི་ཕྱག་རྒྱ་མཛད་