R196: དཔལ་ས་སྐྱ་པ་ཆེན་པོ་སྔགས་འཆང་བླ་མ་ཐམས་ཅད་མཁྱེན་པ་ངག་དབང་ཀུན་དགའ་བློ་གྲོས་སངས་རྒྱས་བསྟན་པའི་རྒྱལ་མཚན་དཔལ་བཟང་པོའི་རྟོགས་པ་ངོ་མཚར་འཕྲུལ་གྱི་རོལ་རྩེད་སྡེ་བཞིའི་འབྱུང་གནས།

  • Pagination (Witness A): ༣༠༢
[A:༣༠༢] ༄༅༅། །རིགས་དང་དཀྱིལ་འཁོར་རྒྱ་མཚོའི་ཁྱབ་བདག་དྲུག་པ་རྡོ་རྗེ་འཆང་ཆེན་པོ་དང་དབྱེར་མ་མཆིས་པ་དཔལ་ས་སྐྱ་པ་ཆེན་པོ་སྔགས་འཆང་བླ་མ་ཐམས་ཅད་མཁྱེན་པ་ངག་དབང་ཀུན་དགའ་བློ་གྲོས་སངས་རྒྱས་བསྟན་པའི་རྒྱལ་མཚན་དཔལ་བཟང་པོ་ལ་ཕྱག་འཚལ་ཞིང་སྐྱབས་སུ་མཆིའོ། །དོན་དམ་ཉིད་དུ་དབྱེར་མེད་མཁའ་དབྱིངས་བརྗོད་བྲལ་མི་རྟོག་ངག༷་ལམ་དབ༷ང་པོའི་ཡུལ་འདས་ཀུན༷་ཁྱབ་ཀློང་དུ་རྫོགས། །ཟུང་འཇུག་རང་མདངས་ཁ་སྦྱོར་བདུན་དང་ལྔ་ལྡན་མཚན་དཔེའི་འོད་སྣང་འགོག་མེད་རབ་འབར་དག༷འ་ཆེན་ཧེ་རུ་ཀཿ །དག་པའི་བློ་གྲོས༷་མེ་ལོང་ངོས་སུ་སང༷ས་རྒྱས༷་བསྟན༷་པའི་རྒྱལ༷་མཚ༷ན་འཆང་ལ་གང་འཚམ་གར་གྱིས་སྲིད་གསུམ་ན། །བརྟན་གཡོའི་དཔ༷ལ་དུ་རྡོ་རྗེ་སྙེམས་མའི་བདག་པོ་བཟ༷ང་པོར་ལྷུན་གྲུབ་འཇམ་མགོན་མཆོག་དེས་བྱང་ཆུབ་བར་དུ་སྐྱོངས། །རབ་ཡངས་སྣོད་བཅུད་འདོད་དགུའི་དཔལ་ཀུན་དབ༷ང་གི་ཕྲིན་ལས་ཡོལ་གོར་སྡུད་ལ་སྙིང༷་པོའི་སྤོབས་པ་གཟེངས་མཐོ་བ། །གང་གི་གསང་གསུམ་རྡོ་རྗེའི་རོལ་མོ་ཁོར་ཡུག་ཕྱོགས་ཀྱི་ལྷ་མོའི་ཀརྩར་གྲགས་དང་ལྷན་ཅིག་བསྙེམས་པའི་རྒྱུད། །མོད་དུ་འགུགས་ནས་ཕ༷ན་བདེའི་བསྟན་པ་དཀར་འབྱམས་རྒྱ༷་མཚོའི་མཐའ་ཡིས་གཏུགས་པའི་གཞི་ཆེན་ག་ལ་བ་ཡི་ཁྱོན། །ཁྱབ་བདག་མི་འགྱུར་རྡོ་རྗེའི་ཁྲི་ལ་བསྐལ་མང་སྙེད་དུ་རྟག་བརྟན་གཞོམ་བྲལ་བླ་ན་མེད་པའི་དངོས་གྲུབ་སྩོལ། །མཆོག་ཏུ་མི་འགྱུར་ནང་གི་དེ་ཉིད་ཕྱི་རོལ་ཡུལ་དུ་མཐིང་ཞུན་མདངས་ལྡན་གར་