R196: དཔལ་ས་སྐྱ་པ་ཆེན་པོ་སྔགས་འཆང་བླ་མ་ཐམས་ཅད་མཁྱེན་པ་ངག་དབང་ཀུན་དགའ་བློ་གྲོས་སངས་རྒྱས་བསྟན་པའི་རྒྱལ་མཚན་དཔལ་བཟང་པོའི་རྟོགས་པ་ངོ་མཚར་འཕྲུལ་གྱི་རོལ་རྩེད་སྡེ་བཞིའི་འབྱུང་གནས།

  • Pagination (Witness A): ༣༠༣
[A:༣༠༣]དགུའི་ཉམས་ཀྱིས་རྣམ་པར་རྩེན། །ཐབས་ཤེས་ཟུང་འཇུག་བདེ་སྟོང་ག་ཞས་རྒྱལ་ཀུན་ཐུགས་རྗེ་བསྐུལ་དང་ལྷན་ཅིག་འགྲོ་བློའི་བག་ཉལ་གཉིད་བཅོམ་ནས། །གསལ་སྟོང་རང་རིག་ཡེ་ཤེས་མཆོག་གི་ཐར་པའི་ཁང་བཟང་འཕོ་འགྱུར་བྲལ་བ་གདོད་མའི་གནས་སུ་ཉེར་བཀྲི་བའི། །བླ་མ་མཆོག་དང་དབྱེར་མེད་སྙིང་པོ་ངེས་པ་དོན་གྱི་ཀྱེ་ཡི་རྡོ་རྗེར་སྒོ་གསུམ་དད་བརྒྱའི་ལག་པད་ཟུམས། །རྒྱལ་བ་རྒྱ་མཚོའི་ཐུགས་བསྐྱེད་དམ་བཅའི་སྔ་རོལ་ཉིད་དུ་རྣམ་པར་གྲོལ་བའི་ལམ་བཟང་མཆོག་གི་འཇུག་ངོགས་སུ། །རླབས་ཆེན་སྤྱད་པའི་འབྲས་བུ་མཐར་ཕྱིན་དེ་ལྟ་ན་ཡང་རྩོད་ལྡན་ལྔ་བདོའི་མི་བསྲུན་གདུལ་དཀའི་མགོན་པོ་རུ། །ཐུགས་རྗེ་མཆོག་གིས་རྗེས་སུ་བཟུང་ནས་བཅུ་གཉིས་མཛད་པའི་ངོ་མཚར་བཀོད་པས་ས་གསུམ་ཕན་དང་བདེ་བའི་དཔྱིད། རབ་ཏུ་འབར་བ་བསྙེངས་བྲལ་རྡོ་རྗེའི་ཏིང་འཛིན་གཡོ་མེད་རྣམ་འདྲེན་བཞི་པ་བུ་རམ་ཤིང་པར་ཕྱག་བགྱིའོ། །བསྐལ་བཟང་ལྷ་ཡི་ལམ་པོ་ཆེ་ལ་རྨད་བྱུང་ཐུགས་བསྐྱེད་མ་རྨད་རབ་ཏུ་རྣམ་པར་བཀྲ་བའི་རྫོགས་སངས་རྒྱས། །སྒྲོལ་བྱེད་བརྒྱ་ཕྲག་ཕྱོགས་ཀྱིས་འཁྱུད་པའི་རང་རང་མཛད་བཟང་འཆར་ནུབ་དཀྱིལ་འཁོར་ཇི་བཞིན་སྟོན་ལས་བགྲང་བྱའི་འབྲས། །འབྱུང་བར་འབབས་པ་ཐེག་ཆེན་ཆོས་སྒྲ་མི་འཇིགས་སེང་གེའི་རྒྱུད་ཀྱི་ང་རོས་ས་སྟེང་ཡངས་ལྡན་ཡོངས་ཁྱབ་པར། །དོན་ཡོད་བསྒྲགས་ནས་བདུད་བཞིའི་གཡུལ་ལས་རབ་ཏུ་རྒྱལ་བའི་རྒྱལ་ཚབ་དམ་པ་མི་ཕམ་མགོན་ཁྱོད་གཙུག་ན་བསྙེན། །དབུས་འགྱུར་འཆང་གི་རྡོ་རྗེའི་སྟན་ལ་ཟབ་ཞི་སྤྲོས་བྲལ་འོད་གསལ་འདུས་མ་བྱས་གང་དུས་གསུམ་བརྙེས་ཀུན་གྱི། །གཞོམ་འབྲས་གསུང་གི་གསང་བའི་ཡབ་གཅིག་ཉོན་མོངས་པ་དང་ཤེས་བྱའི་སྒྲིབ་ཚོགས་དྲུངས་ནས་གཅོད་པའི་རྣོ་ངར་མཚོན། །གསུང་རྣམ་དག་པ་སོ་སོར་རྟོག་པའི་ཡེ་ཤེས་ས་ལ་འགྲོ་རྒྱུད་ཁེངས་དྲེགས་དབང་མེད་འགུགས་པའི་པུསྟ་ཀཿ །ཐབས་ཤེས་བརྡ་ཐབས་དབྱིངས་སུ་གཟེངས་པའི་གཞོན་ནུའི་སར་འཕགས་རྡོ་རྗེ་རྣོན་