R196: དཔལ་ས་སྐྱ་པ་ཆེན་པོ་སྔགས་འཆང་བླ་མ་ཐམས་ཅད་མཁྱེན་པ་ངག་དབང་ཀུན་དགའ་བློ་གྲོས་སངས་རྒྱས་བསྟན་པའི་རྒྱལ་མཚན་དཔལ་བཟང་པོའི་རྟོགས་པ་ངོ་མཚར་འཕྲུལ་གྱི་རོལ་རྩེད་སྡེ་བཞིའི་འབྱུང་གནས།

  • Pagination (Witness A): ༦༠༡
[A:༦༠༡]ཐམས་ཅད་མཁྱེན་པ་གཙང་ལ་ཆིབས་བསྒྱུར་གྱི་གླེང་བ་དང༌། ཆིབས་ཟམ་བརྒྱུད་ལྷ་སར་ཁམས་ནས་འབྲུམ་བུའི་ནད་དོགས་ཀྱིས་ཐུགས་བསུན་པས། བསྟན་འགྲོའི་བདེ་ཐབས་གང་ལ་ཅི་འཚམས་ཞུ་དགོས། རྒྱལ་ཚབ་དམ་པ། བཀའི་དགུང་བློན་ལྷན་རྒྱས་བཅས་ནས་སྩལ་བ་བཞིན། དེ་འཕྲལ་ལྗགས་ཆུ། སྲུང་སྐུད། སྐུ་ཁྲུས་སོགས་འབུལ་གནང་དང་ཆབས་གཅིག་གང་ཅིའི་སྙན་འབུལ་ཚང་མ་མཆོད་ཡོན་བསྟན་ལར་དགོངས་པའི་ཐུགས་བསམ་ཆེ་བསྐྱེད་མཛད་པས་འཕྲལ་དུ་ནད་ཐག་ཆོད་པ་སོགས་རྒྱལ་ཁམས་ཀུན་ཏུ་རྗེ་ཉིད་ཀྱི་ཐུགས་རྗེ་ལས་བྱུང་བའི་རྣམ་ཐར་སྒྲོགས་པ་ལ་གཅིག་ཏུ་གཞོལ་བར་གྱུར་ཏོ། །དེ་ནས་རྟ་ཟླའི་ནང་གི་གཏོར་སྤོད་ལེ་ཚན་ཉིན་གཅིག་ལ་བཀའ་དྲིན་ཆེ་སྟེ། ཞག་ལྔའི་རིང་རྗེ་རྡོ་རྗེ་འཆང་ནས་བསྐུལ་མཁན་དང་རྡོ་རྗེ་སློབ་དཔོན་གཉིས་ཆར་འགན་བཞེས་ཀྱིས། བདེ་གླིང་ཚོགས་ཡོངས་ནས་རི་ཁྲོད་མའི་བུམ་ཆོག་རྒྱས་པ་ཚོམས་ཆེན་དུ་མཛད་པ་ལ། འཕགས་པ་རིན་པོ་ཆེའི་རྣམ་ཐར་ཐང་སྐུ་གསར་བཞེངས་ཞལ་ཕྱེ་ཞིང་མཆོད་གཏོར་སོགས་རྒྱས་པ་དང༌། ཁྱད་པར་ཉེ་སྐོར་མི་ཕྱུགས་ཚང་མའི་བཟའ་བཏུང་ལྷག་མ་ནད་བདག་གཏོར་རྫས་སུ་བསྡུ་གནང་ཐོག །ཆོ་ག་སྨིན་གྲུབ་མཛད་དེ། ནད་བདག་དཀར་དམར་ལ་དགའ་བའི་གཏོར་རྫོངས་དུས། གོང་གི་རྫས་རྣམས་གཏོར་མ་དང་ཆབས་གཅིག་ཏིང་འཛིན་སྔགས་རྒྱས་བསྔོ་གནང་གིས། དེ་དུས་ཀྱི་ནད་བདག་གྲྭ་རྒན་ལུས་སྟོད་སྨད་རྨ་ཤུས་གང་བ་ཞིག་དང་བུད་མེད་འོ་ཟོམ་ཁྱེར་བ་གཉིས་རྗེ་ཉིད་ཀྱིས་དངོས་སུ་གཟིགས་ཏེ། བཀའ་ལས་ནད་རིམས་དང་བྱང་འབྲོག་ཁྲོད་ལ་ཕྱུགས་ཁ་མི་གཙང་བ་འདི་ཉིད་ཀྱི་ཆོ་འཕྲུལ་ཡིན་འདུག་པས་ད་སྐྱོན་ཡོང་བ་མེད་གསུང་བ་དང་བཅས། འཛམ་བུའི་གླིང་འདིའི་ཕྱི་རོལ་བདེ་བ་ཅན་གྱི་ཞིང་གི་ཤར་ཙམ་དུ། རི་ལུང་ཁང་བཟང་ཟས་ནོར་སོ་སོའི་འདོད་པ་བཞིན་དགོས་དགུ་འབྱུང་བ་ཞིག་ཏུ་བརྫངས་གནང་གི་སྤྱན་དམིགས་བརྟན་པོ་དང༌། ཉིན་རེ་བཞིན་ལྷ་ཆེན་རྩེ་