R196: དཔལ་ས་སྐྱ་པ་ཆེན་པོ་སྔགས་འཆང་བླ་མ་ཐམས་ཅད་མཁྱེན་པ་ངག་དབང་ཀུན་དགའ་བློ་གྲོས་སངས་རྒྱས་བསྟན་པའི་རྒྱལ་མཚན་དཔལ་བཟང་པོའི་རྟོགས་པ་ངོ་མཚར་འཕྲུལ་གྱི་རོལ་རྩེད་སྡེ་བཞིའི་འབྱུང་གནས།

  • Pagination (Witness A): ༦༠༢
[A:༦༠༢]ནས་ཕྱོགས་བཞིར་སྦྱོང་ཁྲུས་མཛད་པས། ཡུལ་ངན་གྱིས་དཔོན་སློབ་ཀུན་འདར་བུན་གྲང་འབུར་ཅན་དུ་གྱུར་ཀྱང༌། བདག་པས་གཞན་གཅེས་བྱང་ཆུབ་སེམས་དཔའི་རྣམ་ཐར་གྱི་ངང་ནས་ཐུགས་རུས་མཛད་ཅིང་རྗེ་ཉིད་ཀྱི་ཐུགས་བསྐྱེད་ཀྱིས་རི་ཁྲོད་མའི་ཐོག་རི་བྱ་སྡེར་མ་སོགས་ཕྱི་བསྐོར་ཐང་འགའ་ཞིག་ཀྱང་སྔ་ཕྱིར་གནང༌། དེ་ནས་བཟུང་རྒྱལ་ཁམས་སུ་འགོ་ནད་མི་འབྱུང་བའི་ཐབས་མུ་སྦྲེལ་དུ་མཛད་གྲས་དབོ་ཟླའི་ནང་འདོད་ཁམས་དབང་མོ་རྗེ་ཁོལ་གྱི་མདོས་ཆོག་བསྟན་འགྲོ་སྤྱི་སྒེར་གྱི་རིམ་གྲོར་ཆེད་དམིགས་དང༌། ནག་ཟླའི་ནང་ས་སྐྱར་མི་བརྩིས་ཤིག་བྱུང་སྐབས་རྗེ་རྡོ་རྗེ་འཆང་ཡབ་སྲས་ལ་མགུལ་ཆམ་ཞིག་ཀྱང་བཞེས། སྣྲོན་ཟླའི་མདོ་སྡེ་ལྷ་མཆོད་ཐོག་བསམ་ཡས་ཆོས་སྐྱོང་གི་ལུང་ཡིན་ཚུལ་གྱིས། རབ་གྲྭ་ཞྭ་སེར་དུ་བསྒྱུར་དགོས་ཀྱི་འགོ་ཟུག་ལ་རྗེ་རྡོ་རྗེ་འཆང་ནས་མདོ་རྒྱུད་དགོངས་འགྲེལ་དང་བཅས་པའི་ལུང་དང་སྦྱར་ཏེ་རང་རང་གི་ལུགས་བཞིན་གྱིས་བསྟན་པར་ཕན་སླེབས་ཆེ་བའི་མཐའ་འདོམས་མང་དུ་སྩལ་ཡང་ལྡོག་པར་མ་གྱུར་ཅིག །ཆུ་སྟོད་ཟླ་ནང་ཞིག་འོད་གསལ་གྱི་ངང་དུ་གནས་གསར་རྡོ་རྗེ་འཆང་དེ་ཉིད་ཡང་ཡང་ཕེབས་ནས། ཞི་དྲག་གི་བཀའ་འདོམས་དུ་མ་མཛད་མུ་ལས་ཐུགས་དགྱེས་ཉམས་ཀྱིས་ཆོས་འཕྲོ་རྣམས་བསྟུད་མར་མ་ཚང་མེད་པ་གནང་བ་ཞིག་འཁྲུངས་པས། སྔར་མ་གསན་པའི་ཆོས་བཀའ་ཟབ་ཁྱད་ཅན་མང་པོ་ཞིག་དེ་དུས་འོད་གསལ་དུ་གསན་ཅིང་སྨིན་ཟླའི་ནང་རྗེ་ཉིད་ནས་ཁྲུས་སྔགས་ཀྱི་ཆུ་དང༌། རྫས་སྲུང་སོགས་ཉེ་སྐོར་ཀུན་ལ་བཀྱེ་གནང་དང་བསྟུན། བསང་རྒྱས་པ། རི་ཁྲོད་མའི་བུམ་ཆོག་བཅས་མཛད་ནས་ཕྱོགས་བཞིར་སྦྱོང་ཁྲུས། སྲུང་མ་སྤྱི་དང་ལྷ་མོ་རྗེ་ཁོལ་ལ་ཕྲིན་འཆོལ་བཅས་ཉིན་གསུམ་སྔོན་འགྲོའི་ཟླ་བ་ཁ་ཤས་དེ་བཞིན་ནར་མར་མཛད། མགོ་ཟླའི་ནང་གསེར་ཁར་འབྲུམ་དོགས་ཀྱི་གླེང་ཇེ་གསལ་གྱིས་གཞིས་རྩེ་སོགས་སུའང་འོ་བརྒྱལ་གྱི་གནས་དང༌། ལམ་སྡེམས་