R196: དཔལ་ས་སྐྱ་པ་ཆེན་པོ་སྔགས་འཆང་བླ་མ་ཐམས་ཅད་མཁྱེན་པ་ངག་དབང་ཀུན་དགའ་བློ་གྲོས་སངས་རྒྱས་བསྟན་པའི་རྒྱལ་མཚན་དཔལ་བཟང་པོའི་རྟོགས་པ་ངོ་མཚར་འཕྲུལ་གྱི་རོལ་རྩེད་སྡེ་བཞིའི་འབྱུང་གནས།

  • Pagination (Witness A): ༦༠༧
[A:༦༠༧]དམ་ཚིག་འགྱུར་མེད་པས་སེ་ཕྱག་རྡོར་སྐྱབས་ཀྱི་གསུང་ཤོག་རྟེན་གྱ་ནོམ་པས་ཐོག་དྲངས། མཎྜལ་གྱིས་གཙོས་དངུལ་བྲེ་ཆེན་མང་པོའི་འབུལ་ཆེན་མཛད་པ་སོགས་དགེ་ལེགས་རྟེན་འབྲེལ་བཟང་པོ་རབ་འབྱམས་རྒྱལ་བའི་ཞིང་ཁམས་སུའང་ཁྱབ་ཅིང་གྲུབ་པར་གྱུར་ཏོ། །དེ་ནས་ཆུ་སྟོད་དགེ་ཚ་དང༌། བཅོ་ལྔར་ཞལ་དྲོ་ལྷ་ཁང་དུ་རྗེ་ཉིད་ཀྱིས་དེབས་བསྒྲིགས་བཞིན་བསྟན་དོན་རྒྱ་ཆེར་མཛད་པ་ནི་རྣམ་པ་ཀུན་ཏུའོ། །གྲོ་བཞིན་ཕུར་བསྒྲུབ་ཉེར་གཅིག་མུས་ཆེན་མཆོད་བསྔོར་དཔལ་འཁོར་ལོ་བདེ་མཆོག་གི་རྣམ་སྤྲུལ་ཡིན་པའི་བསྔགས་བརྗོད་མཛད་པས། དེའི་ཐོ་རེངས་ཀྱི་འོད་གསལ་དུ། རྗེ་ཉིད་ཁྱད་འཕགས་ལྷོའི་མགོན་ཁང་ན་བཞུགས་མུར། དར་ཙམ་ནས་སྲས་ཡུམ་གཉིས་ཀྱང་ཕེབས་བྱུང་བ་ལ། རྗེ་ཉིད་ནས་རྟེན་བཤད་གནང་རྒྱུ་ཡིན་དགོངས་པར་རྟེན་ཁྲིའི་སྟེང་ན་བདེ་མཆོག་ལྷན་སྐྱེས་ཀྱི་སྐུ་ཡུམ་ཕག་མོའང་སྔོན་མོས་འཁྱུད་པ་འཇིམ་སྐུ་ཁྲུ་གང་ཙམ་ཞིག་གི་བཞུགས་གདན་ཉི་དཀྱིལ་དེ་ལ། གསེར་ཡིག་དབུ་ཆེན་གྱིས། ཀ་ལིངྒའི་ཚོགས་དཔོན་གྱིས་ཕུལ་ས་སྐྱར་གདུང་བྱོན་ཡོང༌། གེགས་ཆག་ལེ་ཚན་གསུམ་མཆིས་པའི་གཉིས་མཉེལ་ཚུལ་དང༌། གསུམ་པ་ཤར་ལྷོའི་དམར་གྲིབ་ལ་འཛེམ་ཟེར་བ་ཞིག་བྲིས་འདུག་པ་དང༌། རྟེན་ཁྲི་གཞན་ཞིག་ན་ཁ་ཆེ་པཎ་ཆེན་གྱི་ཐུགས་དམ་མ་བདེ་མཆོག་ལྷན་སྐྱེས་གསེར་ཟངས་ཀྱི་སྐུ་མཁྱིད་གང་ཙམ་ཞིག་བཅས་གཟིགས་སྣང་དུ་འཁྲུངས་པ་འདི་ལ། རྗེ་རྡོ་རྗེ་འཆང་གི་བཀའ་ལས། ཀ་ལིངྒ་འདི་བདེ་མཆོག་གསུང་འཁོར་གྱི་གྲས་ལུས་ཀྱི་ཁ་ནང་མཉེ་མའི་ཁམས་སྦྱོང་བྱེད་དང༌། ཕྱི་ཤར་ལྷོའི་རྩིབས་ན་རབ་ཏུ་བཟང་པོ་དང་ཤྱཱ་མ་དེ་བ་བཞུགས་པ་དེ་ཡིན་པས་བརྡ་ཚིག་གང་ཡིན་ནི་དབྱེ་དཀའ་གསུང་བ་འདི་ལ་གནད་ཁྱད་པར་བ་ཞིག་ཡོད་སྙམ་ཡང་རེ་ཞིག་བཏང་སྙོམས་སུ་བཞག །དེའི་ཚེ་འཇམ་མགོན་དབང་