R196: དཔལ་ས་སྐྱ་པ་ཆེན་པོ་སྔགས་འཆང་བླ་མ་ཐམས་ཅད་མཁྱེན་པ་ངག་དབང་ཀུན་དགའ་བློ་གྲོས་སངས་རྒྱས་བསྟན་པའི་རྒྱལ་མཚན་དཔལ་བཟང་པོའི་རྟོགས་པ་ངོ་མཚར་འཕྲུལ་གྱི་རོལ་རྩེད་སྡེ་བཞིའི་འབྱུང་གནས།

  • Pagination (Witness A): ༦༠༦
[A:༦༠༦]ཚར་ཟླ་གསུམ་མ་སོགས་ཀྱི་ཐུགས་བྲེལ་གྱིས་འགྱངས་པ་དང༌། གཞུང་ས་མཆོག་ནས་ཀྱང་གཞིས་རྩེས་མཚོན་བོད་ཁམས་བདེ་ཐབས་སུ་མངགས་པའི་རིམ་གྲོ་རྣམས་དང་དོད་ལྷུས་བླངས་གང་ལ་གང་འཚམས་ཡེ་ཤེས་གཟིགས་པས་དཔྱད་ནས་མཛད་ཅིང༌། གང་ནའང་གྲོལ་ནས་ཞག་གསུམ་པའི་ཐོ་རེངས་འོད་གསལ་དུ། མི་ཕོ་མོ་མང་པོས་སྐུ་ཉིད་ལ་དད་འདུན་ལྷག་པར་ཆེ་བ་དང༌། བུད་མེད་གཅིག་འཆོར་གཉིས་འཆོར་བདུན་བརྒྱད་ཅིག་འོངས་ནས་པད་བསྐོར་སོགས་ལུས་ཀྱི་རྣམ་འགྱུར་དོད་ཉམས་དང༌། སྐད་སྦོམ་ཕྲ་སྙོམས་ཤིང་བཟང་བས། ཚེ་དབང་ཞུ་ལ་ཕེབས་ཞེས་གླུ་བླངས་ཏེ་ཁྲོམ་ལྟ་བུ་ཞིག་ལ་བརྡ་གཏོང་བའི་ལྟས་འཁྲུངས་པ་ནི། སྤྱིར་རྒྱལ་ཁམས་ནད་དོགས་མྱུར་དུ་ཞི་བ་དང༌། ལྷག་པར་ཡུལ་གྲུ་འདི་ཉིད་དུ་བདེ་འཇགས་འབྱུང་བ་དང༌། ཡང་སྒོས་རྗེ་རྡོ་རྗེ་འཆང་ཉིད་ཀྱི་སྐུ་འཕྲང་འཚུབས་མ་ཞི་བའི་རྟགས་སུ་གོར་མ་ཆག་གོ །དེ་ལྟའི་སྐབས་རྒྱལ་ཁམས་སུ་རྗེ་ཉིད་ཀྱི་ལྗགས་ཆུ་རིམས་སྲུང་སོགས་ཀྱིས་ཕལ་ཆེར་ལ་ཁྱབ་ཅིང༌། གོང་གསལ་གྱི་ཐུགས་བསྐྱེད་དེ་དག་བཅས་ཉིད་ཀྱི་སྐུ་དྲིན་གྱིས་བསྐྱངས་སོ་ཞེས་པའི་སྒྲ་སྒྲོགས་པས་བྲེལ་བ་བཞིན་དོན་ལའང་གནས་སོ། །ས་ཟླའི་མཇུག་བས་སི་ཏཱ་ལ་སྦོ་ཤོག་ཐུའི་གསུང་མངགས་ཞིབ་ཆ་བཅས། བླ་མ་སངས་རྒྱས་དོན་གྲུབ་དཔོན་གཡོག་འབྱོར་པ་རྗེ་ཉིད་རིལ་སྒྲུབ་བཅད་རྒྱ་དང་འགྲིག་པས་ཞག་འགའ་སྒུགས་ཐོག་ནས། རྟེན་འབྲེལ་རབ་ལ་བསྒྲིག་མི་དགོས་པར་འགྲིག་པ་ནི། སྣྲོན་ཟླའི་ཚེས་གཉིས་ལ་འཇམ་མགོན་ཁམས་གསུམ་དབང་སྡུད་ཉིད་ཀྱེ་རྡོ་རྗེའི་རྒྱུད་འདོན་ལ་ཐོག་མར་ཕེབས་དུས་བླ་མ་དཔོན་གཡོག་ལ་འབྱོར་ཕྱག་ཐོག་ཁོང་ཚོས། མགུལ་ལ་བཀྲ་ཤིས་པའི་ལྷ་དར་ཕུལ་བ་དང༌། ཚེས་གསུམ་ཉིན་སྤྲུལ་པའི་ལྷ་ཁང་ཆེན་མོར་ཟབ་པའི་ཡང་རྩེ་བླ་མའི་རྣལ་འབྱོར་ཉམས་བཞེས་པ་མདོ་སྔགས་ཚོགས་ཡོངས་ཀྱི་དབུར་རྗེ་ཡབ་སྲས་བྱོན་ཐོག །