R196: དཔལ་ས་སྐྱ་པ་ཆེན་པོ་སྔགས་འཆང་བླ་མ་ཐམས་ཅད་མཁྱེན་པ་ངག་དབང་ཀུན་དགའ་བློ་གྲོས་སངས་རྒྱས་བསྟན་པའི་རྒྱལ་མཚན་དཔལ་བཟང་པོའི་རྟོགས་པ་ངོ་མཚར་འཕྲུལ་གྱི་རོལ་རྩེད་སྡེ་བཞིའི་འབྱུང་གནས།

  • Pagination (Witness A): ༧༡༣
[A:༧༡༣]ཡོངས་འཛིན་བཅུ་ཕྲག་བཞིར་ཉེར་གསན་མཐར་ཕྱིན། །བསམ་བྱུང་རིག་པའི་རང་རྩལ་ཐོལ་བྱུང་གྲུབ། །སྒོམ་སྒྲུབ་ཉིན་ཞག་ཕྲུག་རེར་ཉེར་བདུན་བརྩམས། །གསན་པའི་བྱ་བར་གཞོལ་ལ་གསོལ་བ་འདེབས། །འཆད་ལ་འཇམ་པའི་དབྱངས་ཀྱི་སྤོབས་པ་རྫོགས། །རྩོད་ན་ཕས་རྒོལ་འཇོམས་པའི་མཐུ་སྟོབས་བདག །རྩོམ་པ་མཁས་པའི་ཡིད་འཕྲོག་ཐུགས་རྗེའི་མགོན། །མཁས་པའི་བྱ་བར་གཞོལ་ལ་གསོལ་བ་འདེབས། །གང་ཚེ་གདུལ་བྱ་རྗེས་སུ་འཛིན་པའི་དུས། །གཟིགས་པ་ཙམ་གྱིས་ཚིག་དོན་ཐུགས་ཆུད་དེ། །གསུང་ལམ་ཁོ་ནས་སྐལ་ལྡན་ཉིན་མཚན་ཀུན། །བར་མེད་ཆོས་འཁོར་བསྐོར་ལ་གསོལ་བ་འདེབས། །གསར་བསྐྲུན་ཉམས་གསོས་བསྟན་ལ་བྱི་དོར་དང༌། །གན་མཛོད་ཕྱུར་དང་དབུལ་ཕོངས་སྦྱིན་གཏོང་དང༌། །ཚུལ་ཁྲིམས་དྲི་ཞིམ་བཟོད་བསྲན་མགོ་མེ་ལྟའི། །བརྩོན་འགྲུས་མཐའ་རུ་ཕྱིན་ལ་གསོལ་བ་འདེབས། །བསྐྱེད་རྫོགས་མཉམ་གཞག་ཉིན་མཚན་དུས་འདའ་ཞིང༌། །མ་འདྲེས་སོ་སོར་དཔྱོད་པའི་ཤེས་རབ་བཀྲ། །རྣམ་བཞིའི་སྦྱིན་པ་སྙན་སྨྲས་འཁོར་བསྡུས་ནས། །དོན་སྤྱོད་དོན་མཐུན་འགྲོ་རྣམས་སྐྱོང་ལ་འདུད། །དངོས་ཉམས་འོད་གསལ་གཟིགས་སྣང་དང་འགྲོགས་ནས། །འགྲོ་བའི་ཁམས་དང་བསམ་པ་བག་ཉལ་གྱི། །རྒྱུད་ཚོད་ཇི་བཞིན་མཁྱེན་པའི་མངོན་ཤེས་ཀྱིས། །དུས་གསུམ་ཤེས་བྱ་གཟིགས་ལ་གསོལ་བ་འདེབས། །ཞི་དུལ་ཐུགས་རྗེའི་ཆབ་ཀྱིས་འགྲོ་བློ་སྦྱངས། །ཆབ་སྲིད་མངའ་ཐང་བླ་ཆེན་འཕགས་ལྟར་རྒྱས། །སྣང་སྲིད་ལྷ་འདྲེ་མི་གསུམ་དབང་མེད་འདུས། །དགྲ་འདྲེའི་