R196: དཔལ་ས་སྐྱ་པ་ཆེན་པོ་སྔགས་འཆང་བླ་མ་ཐམས་ཅད་མཁྱེན་པ་ངག་དབང་ཀུན་དགའ་བློ་གྲོས་སངས་རྒྱས་བསྟན་པའི་རྒྱལ་མཚན་དཔལ་བཟང་པོའི་རྟོགས་པ་ངོ་མཚར་འཕྲུལ་གྱི་རོལ་རྩེད་སྡེ་བཞིའི་འབྱུང་གནས།

  • Pagination (Witness A): ༧༡༢
[A:༧༡༢]བའི་ཞབས་ཀྱི་པདྨོར་ཕྱག་འཚལ་ལོ། །དཔག་ཡས་རྒྱལ་ཀུན་མཁྱེན་པའི་ཆུ་གཏེར་ལས། །བརྩེ་བའི་ཐུགས་བསྐྱེད་བསྟན་འགྲོར་འདོད་པ་དགུ། །འཇོ་ལ་ནུས་མཐུ་གྲུབ་པའི་བསམ་འཕེལ་དབང༌། །ཀུན་དགའ་བློ་གྲོས་ཞབས་ལ་གསོལ་བ་འདེབས། །ངེས་པར་རྡོ་རྗེ་སྙེམས་བདག་ངང་ཚུལ་ལས། །གཡོས་མིན་མི་ཆད་ལྷུན་གྲུབ་ཕྲིན་ལས་ཀྱིས། །འཇམ་མགོན་དཔའ་བོ་ནས་བཟུང་སྒྲོ་ལུང་པར། །སྣ་ཚོགས་སྤྲུལ་པའི་ཟློས་གར་སྒྱུར་ལ་འདུད། །སླར་ཡང་མཚན་མཆོག་གསུམ་ལྡན་གདུང་རིགས་སུ། །ས་སྤྲེའུ་སྣྲོན་ཟླའི་ཡར་ཚེས་ལྷུམས་ཞུགས་ནས། །ས་བྱ་དབོ་ཟླའི་ཡར་ངོ་དགའ་གསུམ་ལ། །བསྟན་འགྲོའི་མགོན་དུ་ཕེབས་ལ་གསོལ་བ་འདེབས། །དེ་ཚེ་ཉིད་ཀྱི་ཡོན་ཏན་མཐུ་ནུས་ཀྱིས། །སྐྱེད་བྱེད་ཡུམ་གྱིས་ལྐོག་གྱུར་མཁྱེན་པ་སོགས། །དངོས་ཉམས་འོད་གསལ་གཟིགས་སྣང་ངོ་མཚར་གྱིས། །དུས་ཀུན་འདའ་བར་མཛད་ལ་གསོལ་བ་འདེབས། །བལྟམས་ཚེ་གཟིམ་སྤྱིལ་བཙུན་མོར་འཇའ་འོད་དང༌། །མེ་ཆར་ཉིལ་དང་འོབས་ནང་འཇམ་དབྱངས་ཀྱི། །མེ་ཏོག་གསར་འཁྲུངས་དང་བཅས་ཕེབས་འཕྲལ་ནས། །ཐུགས་དྲན་མཐའ་དག་གསལ་ལ་གསོལ་བ་འདེབས། །གཞོན་ནུར་གྱུར་ཀྱང་ཕལ་སྤྱོད་མི་མངའ་ཞིང༌། །གསུང་གསང་དང་པོར་འཇམ་དབྱངས་གཟུངས་སྔགས་བཏོན། །སྒམ་ཞིང་དེས་ལ་བྱས་ཤེས་དྲིན་དུ་གཟོ། །འཇམ་མགོན་གཞོན་ནུར་གྱུར་ལ་གསོལ་བ་འདེབས། །བགྲང་བྱ་དགུ་དང་བཅུ་ནས་ཉེར་བཟུང་སྟེ། །ཡི་དམ་ཞི་ཁྲོའི་དུས་གྲངས་མཚན་བསྙེན་དང༌། །འཁོར་ལོ་གསུམ་ལྡན་ཁྲིར་ཕེབས་རབ་བྱུང་དང༌། །སྔགས་འཆང་དགོས་དོན་བསྒྲུབས་ལ་གསོལ་བ་འདེབས། །