R196: དཔལ་ས་སྐྱ་པ་ཆེན་པོ་སྔགས་འཆང་བླ་མ་ཐམས་ཅད་མཁྱེན་པ་ངག་དབང་ཀུན་དགའ་བློ་གྲོས་སངས་རྒྱས་བསྟན་པའི་རྒྱལ་མཚན་དཔལ་བཟང་པོའི་རྟོགས་པ་ངོ་མཚར་འཕྲུལ་གྱི་རོལ་རྩེད་སྡེ་བཞིའི་འབྱུང་གནས།

  • Pagination (Witness A): ༣༨༡
[A:༣༨༡]མཛད་པའི་ཚུལ་གཉིས་ཀྱི་དང་པོ་ལ། སྤྱིར་དམ་པའི་ཆོས་ཉན་པའི་ཕན་ཡོན་དང༌། བྱེ་བྲག་ཐེག་ཆེན་གྱི་ཆོས་ཉན་བཤད་ཀྱི་ཕན་ཡོན་གཉིས་ཀྱི་དང་པོ་ནི། བྱང་ཆུབ་སེམས་དཔའི་སྡེ་སྣོད་ལས། །ཐོས་པས་ཆོས་རྣམས་ཤེས་པར་འགྱུར། །ཐོས་པས་སྡིག་ལས་ལྡོག་པར་འགྱུར། །ཐོས་པས་དོན་མེད་སྤོང་བར་འགྱུར། །ཐོས་པས་མྱ་ངན་འདས་པ་ཐོབ། །ཅེས་གསུངས་ལ། དེའི་དོན་རྣམ་བཤད་རིག་པར། དེ་ལ་རྐང་པ་བཞི་པོ་འདིས་ནི་རིམ་པ་ལྟར། ཕྱི་ནང་གི་གྲུབ་མཐའ་ཤེས་པས་བླང་དོར་གྱི་གནས་ཤེས་པ་དང༌། ཚུལ་ཁྲིམས་ཀྱི་བསླབ་པ་ཐོབ་ནས་ཉེས་སྤྱོད་ལས་ལྡོག་པ་དང༌། སེམས་ཀྱི་བསླབ་པ་ཐོབ་ནས་དོན་མེད་པའི་འདོད་པ་སྤོང་བ་དང༌། ཤེས་རབ་ཀྱི་བསླབ་པ་ཐོབ་ནས་དེ་ལ་བརྟེན་ཏེ་ཟག་ཟད་མངོན་དུ་བྱས་ནས་མྱང་འདས་ཐོབ་པ་སྟེ་བཞིའམ། ཡང་དག་པའི་ལྟ་བ་རྙེད་པ་དང༌། ལས་དང༌། ཉོན་མོངས་པ་དང༌། སྐྱེ་བའི་ཀུན་ནས་ཉོན་མོངས་ལས་བརྒལ་བ་སྟེ་བཞི་དང༌། ཆོས་འདུལ་བ་ལ་དད་པ་རྙེད་པ་དང༌། རབ་ཏུ་བྱུང་བ་དང༌། དབང་པོའི་སྒོ་བསྲུངས་པས་འདོད་པ་ལས་འདོད་ཆགས་དང་བྲལ་བས་གནོད་པ་སྤོང་བ་དང༌། བདེན་པ་རྟོགས་ནས་མྱང་འདས་ཐོབ་པ་སྟེ་བཞི་ལ་བཤད་དོ། །ལུང་རྣམ་འབྱེད་ལས། མང་དུ་ཐོས་པ་ལ་ཕན་ཡོན་ལྔ་ཡོད་དེ། ཕུང་པོ་ལ་མཁས་པ་དང༌། ཁམས་ལ་མཁས་པ་དང༌། སྐྱེ་མཆེད་ལ་མཁས་པ་དང༌། རྟེན་ཅིང་འབྲེལ་བར་འབྱུང་བ་ལ་མཁས་པ་དང༌། དེའི་གདམས་ངག་དང་རྗེས་སུ་བསྟན་པ་གཞན་ལ་རག་མ་ལས་པ་ཡིན་ནོ། །གཞན་ཡང་རྣམ་བཤད་རིག་པར་བཅོམ་ལྡན་འདས་ཀྱི་ཆོས་ཉན་པ་ལ་ཕན་ཡོན་ལྔ་གསུངས་ཏེ། མ་ཐོས་པ་ཐོས་པར་འགྱུར་བ་དང༌། ཐོས་པ་ཡོངས་སུ་བྱང་བར་འགྱུར་བ་དང༌། སོམ་ཉི་སྤོང་བ་དང༌། ལྟ་བ་དྲང་པོར་བྱེད་པ་དང༌། ཤེས་རབ་ཀྱི་ཚིག་དང་དོན་ཟབ་མོ་རྟོགས་པར་འགྱུར་བའོ། །ཞེས་སོགས་མང་དུ་གསུངས་