R196: དཔལ་ས་སྐྱ་པ་ཆེན་པོ་སྔགས་འཆང་བླ་མ་ཐམས་ཅད་མཁྱེན་པ་ངག་དབང་ཀུན་དགའ་བློ་གྲོས་སངས་རྒྱས་བསྟན་པའི་རྒྱལ་མཚན་དཔལ་བཟང་པོའི་རྟོགས་པ་ངོ་མཚར་འཕྲུལ་གྱི་རོལ་རྩེད་སྡེ་བཞིའི་འབྱུང་གནས།

  • Pagination (Witness A): ༣༨༠
[A:༣༨༠]ཤིང་ཉི་འོད་གསལ་བ་འཇའ་དང་འོད་ཀྱི་གུར་ཁང་འཁྱིལ་བ། དཀར་ཕྱོགས་ལྷ་རྣམས་མེ་ཏོག་གི་ཆར་སྙིལ་ཞིང་དེར་འདུས་ཀྱི་སྐྱེ་དགུ་མཐའ་དག་དགའ་མགུ་ཡི་རང་གི་དད་པའི་ཐལ་སྦྱར་དང་ཆབས་གཅིག་གནས་ཚུལ་དེ་ལྟར་འབྱུང་འགྱུར་གྱི་སྨོན་ལམ་འདེབས་པ་དང་སྐྱབས་མགོན་རྡོ་རྗེ་འཆང་ཡབ་སྲས་རྣམ་གསུམ་གྱི་ངོ་མཚར་མཛད་པའི་གླེང་མོ་སྒྲོགས་པ་ལ་གཅིག་ཏུ་གཞོལ་བར་གྱུར་ཅིང༌། དེའི་སང་ཉིན་གེགས་མེད་དོན་ལྡན་གྱི་དགའ་སྟོན་ཆེན་མོའི་ཐོག་རྗེ་རྡོ་རྗེ་འཛིན་ཉིད་ལ་ཡབ་སྲས་ཟུང་གིས་མཚོན་གཞིས་བྱེས་སེར་སྐྱ་དྲག་ཞན་རྣམས་ནས་ལེགས་སོའི་སྒོ་བརྒྱ་རྣམ་པར་དབྱེ་བའི་སྐབས་སོ། །དེ་དག་གི་དོན་བསྡུ་ན། གནམ་བསྐོས་ལྷ་ཡི་རང་འདྲའི་རིགས་བདག་ཁྲིར། །རྒྱལ་ཚབ་མཆོག་ཏུ་མངའ་གསོལ་ཉི་ཟླ་ཟུང༌། །མཐོན་པོར་འགྱུར་མེད་ཤིས་པའི་མེ་ཏོག་ཆར། །སྙིལ་ལ་ཕྱོགས་བཅུའི་རྒྱལ་དང་རྒྱལ་སྲས་ཀྱང༌། །དེ་ཚེ་གདུལ་བྱའི་བློ་གྲོས་འདབ་བརྒྱ་པ། །ཡོངས་སུ་འབྱེད་པའི་དམ་ཆོས་ཚ་ཟེར་ནི། །འཇིག་རྟེན་ཀུན་གསལ་བཅུ་གཉིས་བདག་པོ་ཡིས། །རྣམ་གྲོལ་སྦྲང་རྩིའི་བཅུད་དུ་འཛུམ་པར་བསྐྱངས། །ཕྱི་ནང་རྟེན་འབྱུང་སྐྱེས་ཀྱི་བདོག་པའི་དངོས། །མི་ཟད་ནམ་མཁའ་མཛོད་ཀྱི་སྤུན་ཟླ་རུ། །ལྷུན་གྲུབ་ཕྲིན་ལས་ཕྱོགས་ཀྱི་བུ་མོའི་རྣར། །གྲགས་པའི་གདུགས་དཀར་དཀར་ཕྱོགས་ལྷ་ཡིས་བཟུང༌། །ཞེས་ཀྱང་སྨྲས་སོ།། །། ༈ གཉིས་པ་བསྟན་འགྲོའི་ཕན་བདེ་སྤེལ་ཚུལ་རྣམས་ལོ་ཁམས་དང་སྦྱར་ཏེ་བཤད་པ་ལ། ཐོས་རྩོམ་གཉིས་རྟོགས་སླ་བའི་ཕྱིར་སོ་སོར་ཕྱོགས་བསྡོམས་སུ་བཤད་པ་དང༌། བསམ་སྒོམ་འཆད་རྩོད་ཀྱིས་མཚོན་ལུགས་བརྒྱའི་མཛད་ཕྲིན་ཀུན་གསལ་གྱི་ཐ་གྲུ་ལྟར་ཡངས་ཤིང་རྒྱ་ཆེ་བའི་ནང་ནས་བཀའ་འབངས་ཀྱི་ཐ་ཤལ་མུ་ཏོ་བ་བདག་གིས་ཆ་ཤས་ཙམ་ཞིག་རྙེད་པ་རྣམས་གོ་རིམ་བཞིན་ལོ་ཁམས་སོ་སོའི་ནང་དུ་ཇི་མཛད་མ་འཁྲུལ་བར་སྟོན་པ་དང་གཉིས་ལས། དང་པོ་ལ། ཐོས་པ་མཛད་པའི་ཚུལ་དང༌། རྩོམ་པ་