R196: དཔལ་ས་སྐྱ་པ་ཆེན་པོ་སྔགས་འཆང་བླ་མ་ཐམས་ཅད་མཁྱེན་པ་ངག་དབང་ཀུན་དགའ་བློ་གྲོས་སངས་རྒྱས་བསྟན་པའི་རྒྱལ་མཚན་དཔལ་བཟང་པོའི་རྟོགས་པ་ངོ་མཚར་འཕྲུལ་གྱི་རོལ་རྩེད་སྡེ་བཞིའི་འབྱུང་གནས།

  • Pagination (Witness A): ༣༨༣
[A:༣༨༣]ལུས་ངག་ཡིད་ནི་འབད་པ་མེད་པར་ཚུལ་ཁྲིམས་དྲི་མེད་སྲུང་བྱེད་ལ། །གཞན་དག་འདི་ལས་ཚིག་ཙམ་ཐོས་ཤིང་ཐོས་ནས་ཀྱང་ནི་མོས་ན་འདི། །ཚུལ་ཁྲིམས་ལས་བྱུང་དགེ་བ་དེ་ལས་བསོད་ནམས་ཆེས་མང་ཐོབ་པར་འགྱུར། །གང་ཞིག་འདི་ན་སྲིད་པ་གསུམ་གྱི་ཉོན་མོངས་མེ་འཇིལ་བསམ་གཏན་ནི། །ལྷ་དང་ཚངས་གནས་མཐར་སོན་རྫོགས་པའི་བྱང་ཆུབ་འཕོ་མེད་ཐབས་སྒོམ་ལ། །གཞན་གང་འདི་ལས་ཚིག་ཙམ་ཐོས་ཤིང་ཐོས་ནས་ཀྱང་ནི་མོས་ན་འདི། །བསམ་གཏན་ལས་བྱུང་དགེ་བ་དེ་ལས་བསོད་ནམས་ཆེས་མང་ཐོབ་པར་འགྱུར། །གང་ཕྱིར་སྦྱིན་པས་ལོངས་སྤྱོད་དག་ནི་སྒྲུབ་བྱེད་ལ། །ཁྲིམས་ཀྱིས་མཐོ་རིས་བསྒོམས་པས་ཉོན་མོངས་སྤོང་བྱེད་ལ། །ཤེས་རབ་ཉོན་མོངས་ཤེས་བྱ་ཀུན་སྤོང་དེ་ཡི་ཕྱིར། །འདི་མཆོག་ཉིད་དེ་དེ་ཡི་རྒྱུ་ནི་འདི་ཐོས་ཡིན། ཞེས་སོ།། །། ༈ གསུམ་པ་ནི། མདོ་སྡེ་རྒྱན་ལས། གང་ཞིག་ཚིག་གམ་དོན་སྒོ་ནས། །ཚིགས་བཅད་གཉིས་འཛིན་རབ་སྦྱོར་ལ། །སེམས་ཅན་བློ་ལྡན་མཆོག་དེ་ཡིས། །ཡོན་ཏན་རྣམ་བཅུ་ཐོབ་འགྱུར་ཏེ། །ཁམས་ནི་ཟད་པར་བརྟས་པ་དང༌། །འཆི་བའི་ཚེ་ན་རབ་དགའ་ཐོབ། །ཅི་ལྟར་འདོད་པར་སྐྱེ་བ་དང༌། །ཀུན་ཏུ་ཚེ་རབས་དྲན་པ་དང༌། །སངས་རྒྱས་རྣམས་དང་འཕྲད་པ་དང༌། །དེ་ལ་ཐེག་མཆོག་ཐོས་པ་དང༌། །མོས་པ་བློ་དང་བཅས་པ་དང༌། །སྒོ་གཉིས་བྱང་ཆུབ་མྱུར་ཐོབ་པའོ། །ཞེས་གསུངས་ཤིང༌། གཞན་ལས་ཀྱང་མང་དུ་གསུངས་མོད་ཀྱི་མང་བས་འཇིགས་ནས་འདིར་དེ་ཙམ་ལས་མ་སྤྲོས་ལ། དེ་དག་ཀྱང་རྣམ་བཤད་རིག་པར། མདོ་དོན་ཆེ་བ་ཉིད་ཐོས་ནས། །ཉན་པ་དང་ནི་འཛིན་པ་ལ། །ཉན་པ་པོ་ནི་གུས་བྱེད་པས། །ཐོག་མར་དགོས་པ་བརྗོད་པར་བྱ། །ཞེས་པ་བཞིན་ཡིན་པས། ཁམས་གསུམ་ཆོས་ཀྱི་རྒྱལ་པོ་འབྲེལ་ཚད་དོན་ལྡན་གྱི་རྡོ་རྗེ་སློབ་དཔོན་ཆེན་