R196: དཔལ་ས་སྐྱ་པ་ཆེན་པོ་སྔགས་འཆང་བླ་མ་ཐམས་ཅད་མཁྱེན་པ་ངག་དབང་ཀུན་དགའ་བློ་གྲོས་སངས་རྒྱས་བསྟན་པའི་རྒྱལ་མཚན་དཔལ་བཟང་པོའི་རྟོགས་པ་ངོ་མཚར་འཕྲུལ་གྱི་རོལ་རྩེད་སྡེ་བཞིའི་འབྱུང་གནས།

  • Pagination (Witness A): ༣༨༤
[A:༣༨༤]པོ་དེ་ཉིད་ནི་བསྐལ་པ་དཔག་ཏུ་མེད་པའི་སྔ་རོལ་དུ་བཅུ་གསུམ་རྡོ་རྗེ་འཛིན་པའི་གོ་འཕང་ལ་མངའ་གསོལ་དུ་ཟིན་ནའང༌། གང་གི་བ་ཚྭ་ཅན་ཆུ་ཀླུང་གི་མདོ་ལུང་སོགས་ཀྱི་དོན་བཞིན། དུས་འདིར། འགྲོ་བ་མ་ལུས་པ་སྲིད་པའི་གཅོང་རོང་ལས་སྒྲོལ་བའི་དེད་དཔོན་ཆེན་པོའི་ཚུལ་བཟུང་ནས། མདོ་རྒྱུད་མན་ངག་དང་བཅས་པའི་ཟབ་རྒྱས་ཀྱི་བདུད་རྩིའི་འབྱུང་ཁུངས་ཡོངས་འཛིན་དམ་པ་བསྙེན་ཚུལ་ནི་འདི་ལྟ་སྟེ། རྗེ་རྡོ་རྗེ་འཆང་ཉིད་ཀྱི་ཞལ་སྒོ་ལས་བྱོན་པའི་རྗེ་བཙུན་ས་སྐྱ་པའི་གདུང་རབས་གདན་རབས་བཅས་ཀྱི་ལོ་རྒྱུས་ངོ་མཚར་སྲིད་ན་འགྲན་བྲལ་ཞེས་བྱ་བ་ལས། ཡབ་རྗེ་རྡོ་རྗེ་འཆང་དང་ཐར་རྩེ་རྗེ། །གནས་གསར་རྗེ་དང་བྲག་རྩ་རྗེ་བཙུན་དྲུང༌། །གཞི་དགོན་རབ་བརྟན་བཟང་དང་རྟ་ནག་མཁན། །ཚུལ་ཁྲིམས་བཟང་དང་ངོར་ཆེན་བསོད་ནམས་བཟང༌། །སངས་རྒྱས་ཡེ་ཤེས་དཔལ་ལྡན་ཆོས་སྐྱོང་ཞབས། །གོང་དཀར་བསོད་ནམས་བློ་གྲོས་རྣམ་མཁྱེན་གྲོང༌། །ཆོས་དབང་རྒྱ་མཚོ་ཆུ་རི་བཀྲ་ཤིས་དོན། །ཀུན་དགའ་ཆོས་འཕེལ་རིན་ཆེན་བཟང་པོ་སྟེ། །གོང་དཀར་རྣམ་ལྔ་རིན་ཆེན་མི་འགྱུར་ཞབས། །འགྲོ་མགོན་ཐུབ་དབང་དེ་སྲས་རིག་འཛིན་མཚན། །མཁན་ཆེན་དབང་ཕུན་མཁན་ཆེན་ཀུན་དགའ་ཟླ། །སེང་གེ་རྒྱལ་མཚན་ཤ་རི་མངའ་བདག་ཆེ། །རྒྱལ་དབང་སྐལ་བཟང་རྗེ་དང་མཆོག་སྤྲུལ་ཞབས། །དཔལ་ལྡན་ནོ་མིན་ཧན་དང་འོན་རྒྱལ་སྲས། །ལོ་ནས་སེམས་དཔའ་ཆེན་པོ་སྨིན་གྲོལ་གླིང༌། །ཁྲི་ཆེན་རིན་ཆེན་རྣམ་རྒྱལ་སྲས་མཆོག་བཅས། །འབྲི་གུང་རྗེ་དང་བསམ་སྡིངས་ཡང་ཟབ་རྗེ། །ཀུན་དགའ་སངས་རྒྱས་ཞལ་ལུ་ཡེ་ཤེས་གྲགས། །དངོས་གྲུབ་སྡིངས་དང་ཀུན་དགའ་དོན་གསལ་སོགས། །གུས་པས་བསྟེན་ནས་རིས་མེད་ཆོས་རྒྱུན་ཞུས། །ཉམས་ལེན་མེད་ཀྱང་དབང་ལུང་མན་ངག་འཁྲིད། །གཞོན་དུས་བརྩོན་ཁུལ་སློབ་མ་བསྟན་ཕན་དང༌། །བཏང་སྙོམས་དམ་ཉམས་གསོག་པ་གྲངས་མེད་ཡོད། །ཅེས་གསུངས་པ་ལྟར་བླ་མ་དམ་པ་དེ་རྣམས་ལས་ཟབ་པ་དང་