[A:༩]སྐྱོན་མེད་པའི་བཀའ་དང་བསྟན་བཅོས་ཐམས་ཅད་ནས། དགོངས་པ་གཅིག་དང༌། དབྱངས་གཅིག་པའི་ཚུལ་གྱིས་གསུངས་ཤིང༌། ཁྱད་པར་དུ་འཚང་རྒྱ་བ་ལ་སེམས་ཀྱི་གནས་ལུགས་རྟོགས་དགོས། དེ་རྟོགས་པར་བྱེད་པའང་བླ་མ་མཉེས་པའི་ཞལ་ལས་དབང་དང་གདམས་ངག་ཐོབ་པ་དང༌། རང་ཉིད་ཀྱིས་བསོད་ནམས་ཀྱི་ཚོགས་རྒྱ་ཆེན་པོ་བསགས་པ་ལ་རག་ལས་ཀྱི། ཐབས་གཞན་གང་གིས་ཀྱང་བདེ་སྟོང་ལྷན་ཅིག་སྐྱེས་པའི་ཡེ་ཤེས་མི་རྙེད་པར་གསུངས་ཏེ། ཀྱེ་རྡོ་རྗེ་རྩ་བའི་རྒྱུད་བརྟག་པ་གཉིས་པ་ལས། གཞན་གྱིས་བརྗོད་མིན་ལྷན་ཅིག་སྐྱེས། །གང་དུ་ཡང་ནི་མི་རྙེད་དེ། །བླ་མའི་དུས་ཐབས་བསྟེན་པ་དང༌། །བདག་གི་བསོད་ནམས་ལས་ཤེས་བྱ། །ཞེས་དང༌། གཞན་ཡང་བཀའ་དང་བསྟན་བཅོས་མཐའ་ཡས་པ་རྣམས་ནས་ལན་གཅིག་མ་ཡིན་པར་ཡང་ནས་ཡང་དུ་གསུངས་པ་ཡིན་ནོ། །རྒྱུ་མཚན་དེའི་ཕྱིར་ན་དབང་དོན་དག་བྱ་དག་བྱེད་ངོ་འཕྲོད་པའི་དབང་བཞི་མཚན་ཉིད་དང་ལྡན་པ་ཡོངས་སུ་རྫོགས་པ་སྩོལ་བའི་རྡོ་རྗེའི་སློབ་དཔོན་དེ་ནི། གདུལ་བྱ་རྣམས་ལ་སངས་རྒྱས་ཀྱི་མཛད་པ་ཐམས་ཅད་མཛད་མཁན་ཡིན་པས། བཀའ་དྲིན་གྱི་ངོས་ནས་རྒྱལ་བ་རྣམས་ལས་ཀྱང་ཆེས་ཆེར་ལྷག་པར་མ་ཟད། སངས་རྒྱས་ཐམས་ཅད་འདུས་པའི་ངོ་བོ་སྐུ་བཞིའི་བདག་ཉིད་ཅན་དང༌། རིགས་ལྔའི་རང་བཞིན་ཅན་གྱི་རིགས་དྲུག་པ་རྡོ་རྗེ་སེམས་དཔའི་ངོ་བོར་ཤེས་པའི་སྒོ་ནས་ཡིད་ཆེས་པའི་དད་པ་བརྟན་པོས་གསོལ་བ་འདེབས་པ་དང་བསྙེན་བཀུར་བ་ལ། བརྩོན་པར་བྱ་དགོས་པར་བཤད་དེ། ཕྱག་རྒྱ་ཆེན་པོ་ཐིག་ལེ་ལས། གང་ཞིག་དབང་བསྐུར་སྦྱིན་བྱེད་པ། །དེ་ནི་རྡོར་སེམས་ལྟ་བུར་བལྟ། །བླ་མ་སྟོན་པ་ལས་ལྷག་བལྟ། །ཡིད་བཞིན་རིན་ཆེན་མཉམ་པར་བལྟ། །ཞེས་སོགས་མང་དུ་འབྱུང་བ་ཡིན་ནོ། །དེ་བས་ན་དུས་གསུམ་