R198: ཐར་བརྩེ་ཁུ་དབོན་བྱམས་པ་ནམ་མཁའ་འཆི་མེད་རྣམ་ཐར།

  • Pagination (Witness A): ༡༠
[A:༡༠]གྱི་རྒྱལ་བ་སྲས་དང་བཅས་པ་ཐམས་ཅད་མཆོད་པ་བས། བླ་མའི་བ་སྤུའི་ཁུང་བུ་གཅིག་ལ་བསྙེན་བཀུར་བ་བསོད་ནམས་ཆེས་ཁྱད་པར་དུ་འཕགས་པར་ཁྱབ་བདག་རྡོ་རྗེ་སེམས་དཔའ་ཉིད་ཀྱིས་བཀའ་སྩལ་ཏེ། དཔལ་གསང་བ་འདུས་པའི་རྒྱུད་ཕྱི་མ་ལས། རིགས་ཀྱི་བུ་སངས་རྒྱས་བཅོམ་ལྡན་འདས་ཕྱོགས་བཅུ་ན་ཇི་སྙེད་ཅིག་བཞུགས་ཤིང་རབ་ཏུ་སྤྱོད་པའི་སངས་རྒྱས་བཅོམ་ལྡན་འདས་དེ་རྣམས་ཀྱི་སྐུ་དང་གསུང་དང་ཐུགས་རྡོ་རྗེ་ལས་བྱུང་བའི་བསོད་ནམས་ཀྱི་ཕུང་པོ་ཇི་སྙེད་པ་དེ་བས་ཀྱང་སློབ་དཔོན་གྱི་བ་སྤུའི་བུ་ག་གཅིག་གི་བསོད་ནམས་ཁྱད་པར་དུ་འཕགས་སོ། །ཞེས་སོགས་གསུངས་པའི་ཕྱིར་རོ། །དེ་ལྟ་བུའི་རྡོ་རྗེ་སློབ་དཔོན་དེ་ལ་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་མུ་མེད་པ་ན་བཞུགས་པའི་དེ་བཞིན་གཤེགས་པ་ཐམས་ཅད་དང༌། བྱང་ཆུབ་སེམས་དཔའ་རྣམས་ཀྱིས་ཀྱང་ཡང་ནས་ཡང་དུ་མཆོད་པ་མཛད་པར་གསུངས་ཏེ། དོན་དམ་བསྙེན་པ་ལས། ཡོན་ཏན་ལྡན་པའི་སྲས་རྣམས་ལ་ནི་འཁོར་བ་འཇོམས། །རང་ལུས་ཚངས་པའི་འཇིག་རྟེན་གནས་ནི་ཀུན་ཏུ་སྟོན། །དེ་ནི་བླ་མ་དཔལ་ཏེ་བླ་མ་དཔལ་གཞན་མིན། །དཔག་མེད་སངས་རྒྱས་ཀྱིས་ཀྱང་རྟག་ཏུ་དེ་ལ་མཆོད། །ཕྱོགས་བཞུགས་སངས་རྒྱས་སེམས་དཔའ་རྟག་ཏུ་དེ་ལ་འདུད། །ཅེས་སོགས་རྒྱུད་སྡེ་རིན་པོ་ཆེ་རྣམས་ལས་རྒྱ་ཆེར་གསུངས་སོ། །དེས་ན་རིགས་ཐམས་ཅད་ཀྱི་ཁྱབ་བདག་དཔལ་ལྡན་རྡོ་རྗེ་སེམས་དཔའ་དང་གཉིས་སུ་མི་ཕྱེད་པའི་བླ་མ་དམ་པ་རྣམས་ཀྱི་རྣམ་པར་ཐར་པ་ཕྱོགས་རེ་ཙམ་མཐོང་ཞིང་ཐོས་པ་དང༌། ཡི་གེར་འདྲི་བ་དང༌། གཞན་དག་ལའང་ཅུང་ཟད་བསྙད་དུ་ཡོད་པ་འདི་ནི་ངེས་པར་ཡང་སྲིད་སྔ་མ་རྣམས་སུ་བསོད་ནམས་ཀྱི་ཚོགས་མི་དམན་ཙམ་བསགས་པའི་མཐུ་ལས་བྱུང་བར་གོར་མ་ཆག་ཅིང༌། འདི་ལྟ་བུ་ནི་སྐྱེ་བ་བརྒྱ་ཕྲག་དུ་མར་ཡང་རྙེད་པར་དཀའ་བའི་གནས་ཡིན་ནོ། །དེའི་ཕྱིར་