[B:55a]མངོན་སུམ་མོ། ། དེ་ནས་རྒྱུད་སྡེ་རྒྱ་མཚོའི་གསང་བ་ངེས་པ་རྩ་འཁོར་ལོ་དྲུག་ཏུ་མས་བརྟན་གྱི་དགའ་བཞིའི་འགྲོས་ཀྱིས་གཙུག་ཏོར་མཆོག་ཏུ་བཅིངས་ཏེ། སྐུ་དྲང་པོར་རྡོ་རྗེ་དྲིལ་བུ་བསྣོལ་བཞིན་པའི་ངང་། བདུན་ཕྲག་གཉིས་ས་ག་ཟླ་བའི་ཚེས་བརྒྱད་ཀྱི་བར་དུ་འོད་གསལ་ཆོས་སྐུའི་ངང་བཞུགས་ཚུལ་བསྟན་ནས། ལས་རླུང་གི་གཞོན་པ་ཅན་གྱི་རྣམ་ཏོག་བག་ཆགས་དང་བཅས་པ་སྤངས། ས་བཅུ་གསུམ་བགྲོད། དག་པ་[A:183]རྣམ་པ་བཅུ་གཉིས་ཤར་ཏེ། ཟུང་འཇུག་ཆོས་སྐུའི་གོ་འཕང་མངོན་དུ་གྱུར་པས། རྣམ་སྨིན་གྱི་སྐུའི་སྙིགས་མ་རྣམས་དྭངས་མ་འོད་གསལ་གྱི་ངང་དུ་ཡལ་བས་འཇའ་ལུས་ལྷག་མེད་དུ་འགྱུར་བའི་རྟགས་དང་ནུས་པ་ཚང་ཡང་། འགྲོ་བ་རྣམས་བསོད་ནམས་གསོག་པའི་རྟེན་དུ་ཟླ་བ་ཉ་གང་བ་ལྟར་བཀྲག་དང་འོད་འཕྲོ་ཞིང་། ཚུལ་ཁྲིམས་ཀྱི་དྲི་གཙང་ཕྱོགས་བཅུར་ཁྱབ་པ་དང་། བྱིན་རླབས་ཀྱི་གཟི་མདངས་འབར་བར་གདུང་གི་ལྷག་མ་ཅུང་ཟད་བཞག་ནས། མཁྱེན་པའི་གངས་རི་གཡོ་མེད་ཀྱང་། ། ཐུགས་རྗེའི་ཆུ་རྒྱུན་སོ་སོར་འབབ། ། ཉི་མ་མཁའ་ལ་འགྲོ་མོད་ཀྱང་། ། འོད་ཟེར་ས་གཞི་ཀུན་ལ་ཁྱབ། ། ཅེས་པའི་ཚུལ་དུ་འོད་གསལ་ཆོས་སྐུའི་ཏིང་ངེ་འཛིན་དེ་ལས་བཞེངས་ཏེ། མཚན་དང་དཔེ་བྱད་ལ་སོགས་རྣམ་སྨིན་གྱི་ཡོན་ཏན་རྣམས་གསལ་ལ་རྫོགས་པའི་སྐུ་གསུང་ཐུགས་མི་ཟད་པ་རྒྱན་གྱི་འཁོར་ལོའི་བདག་ཉིད་ལོངས་སྐུར་སྣང་བ་བསྐྱེད་དེ། གཙུག་ཏོར་གྱི་ནོར་བུ་གསལ་པོར་འཕགས་པའི་ལམ་ནས་རོལ་མོའི་སྒྲ་ཆེན་ཕྱོགས་བཅུར་གྲགས་པ་སོགས། ངོ་མཚར་བའི་ལྟས་དུ་མ་དང་བཅས་ཏེ་མ་དག་པའི་ཞིང་འདི་ནས་དག་པའི་ཞིང་དུ་གཤེགས་སོ། ། དེ་[A:184]ནས་ཡང་ལོངས་སྐུ་ལས་སྤྲུལ་བའི་སྐུས་སྐུ་གསུང་ཐུགས་ཀྱི་མཛད་པ་བསམ་གྱིས་མི་ཁྱབ་པས་འཁོར་བ་ཇི་སྲིད་ཀྱི་བར་དུ། མཐའ་ཡས་པའི་འགྲོ་བ་རྣམས་ལ་གང་ལ་གང་འདུལ་གྱིས་ཕྲིན་ལས་ཀྱི་མཛད་པ་རྒྱུན་མི་ཆད་པ་ནི་ཆོས་ཉིད་དོ། ། གཞན་ཡང་རྣམ་པར་དཀར་བའི་དད་པ་ཅན་རྣམས་ལྷག་པར་དད་པ་འཕེལ་བ་དང་། མ་དད་པ་དང་། བཏང་སྙོམས་པ་རྣམས་ཀྱང་ཡུལ་ཁྱད་པར་ཅན་དང་།