[B:56b]བྱས། །
མགོན་ཁྱོད་སྐུ་གསུམ་བདེ་ཆེན་རྣམ་རོལ་ཡང་། །
བུ་སློབ་བདག་ཅག་ཅི་བྱ་གཏོལ་མེད་གྱུར། །
རྗེ་བཙུན་ཆེན་པོ་སྒྱུ་མ་མི་མཛད་པར། །
སླར་ཡང་ཐུགས་རྗེའི་སྤྱན་རྒྱང་སྲིང་དུ་གསོལ། །
སླད་ནས་ཀྱང་དད་ལྡན་རྣམས་ཀྱིས་སྒོ་གསུམ་འཇུག་པ་གཅིག་པའི་རྣམ་དཀར་གྱི་བྱ་བ་[A:188]བགྱིས་པ་ལ་གསོལ་བ་འདེབས་པའི་རྟེན་ལྷག་མར་གྱུར་པ་གདུང་རིན་པོ་ཆེའི་ཟ་མ་ཏོག་ཏུ་དར་ཟབ་ཀྱི་ན་བཟའ་དུ་མས་ཀླུབས་ཤིང་། ཕྱག་མཉམ་གཞག་གི་སྟེང་དུ་ཐོད་པ་མཚན་ལྡན་གསེར་ནང་མར་གྲགས་པ་རིན་པོ་ཆེའི་རིགས་སྣ་ཚོགས་དང་། འབྲུ་སྨན་ལ་སོགས་པ་དུ་མས་བཀང་སྟེ་ཕུལ་ནས་བཞུགས་སུ་གསོལ་ཞིང་། ལྷ་རྫས་ཀྱི་ན་བཟའ་སྣ་ཚོགས་པ་དང་། རིན་པོ་ཆེའི་པྲོག་ཞུ་དང་། རྒྱན་དུ་མས་མཛེས་པར་བྱས་ནས་མཆོད་པའི་སྤྲིན་ཕུང་གི་དབུས་སུ་བཞུགས་པར་བྱས་སོ། །
རྒྱལ་སྲས་དམ་པ་ངག་གི་དབང་ཕྱུག་བཟང་པོའི་ཐུགས་དགོངས་རྣམ་པར་དག་པའི་མཐུ་དང་། དཔལ་གནམ་སའི་དབང་ཕྱུག་མིའི་དབང་པོ་ཆོས་ཀྱི་སྤྱན་ལྡན་ལྷ་དབང་ཀུན་དགའི་ཐུགས་ཀྱི་དད་འདུན་ཕུན་སུམ་ཚོགས་པ་དང་། བུ་སློབ་ཆེ་ཕྲ་རྣམས་ཀྱིས་ཀྱང་ཅི་འབྱོར་གྱི་ལོངས་སྤྱོད་འཁོར་གསུམ་ཡོངས་སུ་དག་པས་ཕུལ་ཏེ། རྙེད་པ་དང་བཀུར་སྟི་ཕུན་སུམ་ཚོགས་པས་དགུང་ཞག་བདུན་ཕྲག་གི་བར་དུ། བསླབ་པ་གསུམ་གྱིས་ལེགས་པར་མཛེས་ཤིང་། དབང་གིས་རྒྱུད་སྨིན་པར་བྱས་པའི་རིག་པ་འཛིན་པའི་དགེ་འདུན་བརྒྱ་ཕྲག་དུ་མས་ལེགས་པ་ཐམས་ཅད་ཀྱི་ཡང་རྩེ་[A:189]དཔལ་དང་པོའི་སངས་རྒྱས་དུས་ཀྱི་འཁོར་ལོ་དང་། རྒྱུད་ཐམས་ཅད་ཀྱི་སྙིང་པོ་དཔལ་ཀྱེ་རྡོ་རྗེས་གཙོ་བྱས་པའི་རྒྱུད་སྡེ་རབ་འབྱམས་ཀྱི་དཀྱིལ་འཁོར་ཞལ་ཕྱེ་ནས་སྒྲུབ་པའི་མཆོད་པ་དང་། དཔལ་ལྡན་ས་སྐྱ་པའི་ཕྱག་ལེན་རྣམ་པར་དག་པ་ལ་བརྟེན་པའི་བླ་མ་མཆོད་པའི་རིམ་པ་ལ་སོགས་པའི་སྒོ་ནས། བླ་མ་རྡོ་རྗེ་འཆང་ཆེན་པོའི་དགོངས་པ་ཡོངས་སུ་སྐོང་བའི་རྣམ་པར་དཀར་བའི་བྱ་བ་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་ཚུལ་རྣམས་ནི། ལུགས་གཉིས་ཀྱིསཀྱི་