R2: ཆོས་ཀྱི་རྗེ་ཐམས་ཅད་མཁྱེན་པ་རྡོ་རྗེ་གདན་པ་ཆེན་པོ་ཀུན་དགའ་རྣམ་རྒྱལ་དཔལ་བཟང་པོའི་རྣམ་པར་ཐར་པ་ངོ་མཚར་རིན་པོ་ཆེའི་གཏེར་མཛོད།

  • Pagination (Witness B): 56a
[B:56a]ཡ་ཚལ་རླུང་གི་བསྐྱོད་པ་བཞིན། ། འཆི་མེད་ལྷ་ཡི་སིལ་སྙན་སྣ་ཚོགས་པ། ། སྔར་མེད་སྒྲ་ནི་ཡུན་དུ་གྲག་པར་གྱུར། ། སྐབས་གསུམ་མཛེས་མའི་ལག་པར་གསེར་གདུབ་དག་། རིན་ཆེན་རྡུལ་བརྩེགས་དགའ་མའི་ཕྲག་པ་ནས། ། གངས་རི་དུ་གཱུ་ལ་ཡི་སྟོད་གཡོགས་ཀྱི། ། འཆིང་བ་གྲོལ་ནས་ཐུར་དུ་ལྷུང་བ་དག་། ནོར་འཛིན་ཡངས་པའི་པང་དུ་འཁྱིལ་བ་བཞིན། ། འཇིག་རྟེན་རྒྱན་དེ་ཞིང་གཞན་གཤེགས་པ་ན། ། རྒྱ་མཚོའི་གོས་ཅན་མ་འདི་མྱ་ངན་གྱིས། ། དགའ་བའི་ཡིད་འཁྲུགས་གཡོ་ཞིང་འདར་བ་ནི། ། རྒྱ་མཚོའི་ཀློང་གི་གྲུ་གཟིངས་ཇི་བཞིན་ནོ། ། དེར་ནི་དད་ལྡན་འགའ་ཞིག་འདྲེན་བྱེད་ལས། ། མཆི་མའི་ཆུ་ཀླུང་མི་ཟད་འབེབས་བཞིན་དུ། ། ཤུགས་རིངས་གདུང་བའི་དབུགས་ཀྱིས་མགྲིན་པ་དག་། རབ་ཏུ་འགགས་པའི་འཛེར་འཛེར་ཆོ་ངེ་འདོན། ། ཁ་ཅིག་རྩ་བ་བཅད་པའི་ལྗོན་ཤིང་ལྟར། ། མཉམ་པའི་ས་ལའང་ལན་བརྒྱར་འགྱེལ་ཞིང་འདྲེ། ། གཞན་དག་དྲན་ཉམས་མི་གཡོ་སེམས་བྲལ་བཞིན། ། [A:187]ཕལ་ཆེར་མྱ་ངན་མུན་པའི་མལ་ནང་བཅུག་། དམ་པའི་མགོན་དང་བྲལ་བའི་སྡུག་བསྔལ་གྱི། ། རིམས་ནད་དྲག་པོས་བདེ་བའི་གོ་སྐབས་བྲལ། ། བདག་ཅག་གདུལ་བྱའི་ཐ་ཤལ་སྐལ་དམན་ལ། ། བརྩེ་ཆེན་ཁྱོད་ཀྱི་བརྩེ་བའང་མིང་དུ་བས། ། བདག་གི་ཡབ་གཅིག་བརྩེ་མེད་ལྷ་རྣམས་ཀྱི། ། དབང་པོས་དག་པའི་ཞིང་དུ་སྤྱན་འདྲེན་སླད། ། ལྷ་ཡི་དགའ་སྟོན་བསྟར་བའི་ཆོ་ག་འདི། ། ངོ་མཚར་གྱུར་མོད་ཅི་སླད་བྱུང་བསམས་ན། ། བདག་ཅག་སྙིང་ལ་མི་ཟད་མྱ་ངན་རྒྱུ། ། ལྷ་ཡི་མེ་ཏོག་གཉེན་ཞིང་འཇམ་པ་ཡང་། ། དད་ལྡན་ལུས་ལ་ཚེར་མ་བས་ཀྱང་རྩུབ། ། ཚངས་པའི་རྒྱུད་མང་ལྟར་སྙན་རོལ་མོའི་སྒྲ། ། རྣ་བ་གཙེར་ལ་རྣོ་བའི་ཐུར་མ་བཞིན། ། ཙན་དན་སྦྲུལ་གྱི་སྙིང་པོའི་དྲི་བསུང་ཡང་། ། སྙིང་ལ་གདུང་བའི་མེ་ལྕེ་འབར་བའི་གྲོགས། ། རྨ་བྱའི་གདུགས་ལྟར་བཀྲ་བའི་བརྒྱ་བྱིན་གཞུ། ། མཐོང་བས་བདག་གིས་མིག་གི་དུག་ཏུ་