[B:59a]དང་། རྨ་བྱའི་མགྲིན་པ་ལྟར་མཛེས་པའི་རྩྭ་རྡོ་རྗེ་སེམས་དཔའི་ཚེའི་དཔལ་དང་ལྡན་ཞིང་།
གང་བྱང་ཆུབ་སྙིང་པོ་ལ་འདུག་པའི་གདན་དམ་པར་བསྔགས་པ་རྩྭ་དུར་བའི་ཆུན་པོ་དང་། རྣམ་པར་མ་ཚང་བ་མེད་པ་མངོན་དུ་གྱུར་པས་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་བདེ་ལེགས་ཐམས་ཅད་ཀྱི་འབྲས་བུ་བྱང་ཆུབ་མཆོག་གི་སྙིང་པོར་གྱུར་པ་ཤིང་ཐོག་བིལ་བ་དང་། བདུད་བཞིའི་ཆུ་སྲིན་རྣམ་པར་འབིགས་ཤིང་[A:197]གཡོན་མིན་དུ་འཁྱིལ་བའི་བཀྲ་ཤིས་པའི་མཚན་མ་ཅན། ཐེག་པ་གསུམ་གྱི་ཆོས་ཀྱི་སྒྲས་སེམས་ཅན་ཐམས་ཅད་མ་རིག་པའི་གཉིད་ལས་སློང་བར་བྱེད་པའི་ཆོས་ཀྱི་དུང་དང་། པདྨ་རཱ་ག་ལྟར་དམར་བའི་འོད་ཀྱིས་གང་ལ་རེག་པ་ཉིད་བདག་གིར་བགྱིད་པའི་དབང་གི་ཕྲིན་ལས་ཅན། ཆོས་ཀྱི་རྒྱལ་སྲིད་མཆོག་གི་གོ་འཕང་སྩོལ་བ་ཚོན་ལི་ཁྲིས་བྱུར་བུར་གང་བའི་མན་ཤེས་རབ་ཀྱི་སྐྱོགས་དང་། རྡོ་རྗེའི་ཚ་ཚ་དྲག་པོའི་ཆར་འབེབས་པས་བགེགས་ཀྱི་ཕྱོགས་མ་ལུས་པ་ཕྱེ་མར་འཐག་པའི་མཐུ་སྟོབས་ཅན་རྡོ་རྗེའི་ཡུངས་དཀར་གྱི་གཏམས་པའི་ཡོལ་གོ་སྟེ། སྔོན་ཐུབ་པ་དྲང་སྲོང་ཆེན་པོས་བཀྲ་ཤིས་པའི་རྫས་སུ་བྱིན་གྱིས་བརླབས་པའི་བཀྲ་ཤིས་རྫས་བརྒྱད་ཀྱིས་སྤྲས་པའོ། ། ཤེས་རབ་ཀྱི་དབང་པོ་སོགས་ལྔ་མཐར་ཕྱིན་པའི་སྒྱུ་འཕྲུལ་བང་རིམ་བཞི་པའི་ཕྱོགས་བཞིའི་བབ་ལེ་དབུས་མ་བཞི་ལ། རབ་དགྱེས་དཔའ་བོ་ཧེ་རུ་ཀ་རྡོ་རྗེ་འཆང་བའི་རིགས་ཀྱི་ཅོད་པཎ་ཅན་རྡོ་རྗེ་དགའ་མ་མཉམ་པར་སྦྱོར་བའི་ཕྱག་རྒྱ་སྲ་ཞིང་བརྟན་པའི་རང་བཞིན་ཅན་རྡོ་རྗེ་དང་། ཉི་མ་སྟོང་བས་ལྷག་པའི་འོད་ཀྱི་ཕུང་པོ་བྱེ་བ་བྱེ་བའི་འོད་རིས་མཐའ་དབུས་མེད་པར་སྤྲོ་བའི་རིན་པོ་ཆེ་[A:198]མཆོག་གི་ཅོད་པཎ་རྣམ་པར་བཅིངས་པའི་རིགས་ཀྱི་དཔའ་བོ་རིན་ཆེན་དགའ་མ་དང་གཉིས་སུ་མེད་པར་སྦྱོར་བའི་ཕྱག་རྒྱ་རིན་པོ་ཆེ་དང་། ཆགས་པ་མེད་པའི་ཆགས་པ་ཆེན་པོའི་དམར་འོད་ཅན་གྱི་འདབ་མ་སྟོང་ཕྲག་ལྡན་པའི་ཆུ་སྐྱེས་གསར་པའི་ཅོད་པཎ་ཅན་སྣང་བ་མཐའ་ཡས་པའི་རིགས་ཀྱི་དཔའ་བོ་པདྨ་ར་ཏཱི་དང་
མཉམ་པར་སྤྱོད་པའི་ཕྱག་རྒྱ་པདྨ་ལང་ཚོ་དར་ལ་བབ་པ་དང་། ཕྲིན་ལས་རྣམ་པ་བཞིས་སེམས་ཅན་རྣམས་ཡངས་པའི་