[B:59b]ལམ་ལ་བཀྲི་བར་མཛད་པའི་རྡོ་རྗེ་རྒྱ་གྲམ་སྤྱི་བོའི་ཕུད་དུ་མཛེས་པའི་ལས་ཐམས་ཅད་པའི་རིགས་ཀྱི་དཔའ་བོ་ཀརྨ་ར་ཏཱིའི་པང་ན་འགྱིང་པའི་ཕྱག་རྒྱ་སྣ་ཚོགས་རྡོ་རྗེས་སྤྲས་པའོ། ། དེ་རྣམས་ཀྱི་གཡས་གཡོན་གྱི་བབ་ལེའི་ཁྱིམ་རྣམས་ལ་ཤཱཀྱའི་སྲས་དོན་ཐམས་ཅད་གྲུབ་པ་བྱང་ཆུབ་ཤིང་གི་ངོས་སུ་བགྲོད་པའི་ཚེ་བུ་མོ་ལེགས་སྐྱེས་མའི་བཏུང་བ་ལ་དགེ་མཚན་ཕུལ་དུ་བྱུང་བ་ཤར་བའི་གཙོ་བོ་དཔལ་བེའུ་དང་། ཛམྦུ་ན་དཱའི་གསེར་ལན་སྟོང་དུ་བཙོ་ཞིང་སྦྱང་བ་བྱས་པའི་ཁ་དོག་ཅན། ལྷ་དང་མིའི་འཁོར་ལོས་སྒྱུར་བ་རྣམས་ཀྱི་བསོད་ནམས་ཀྱི་བཟོ་བོས་རང་བྱུང་དུ་གྲུབ་པའི་འཁོར་ལོ་རྩིབས་ཕྲེང་བརྒྱ་ཕྲག་བཅུ་པ་ཅན་དང་། ཚོགས་གཉིས་ཀྱི་[A:199]མཚོ་རྫིང་ལས་བསྐྲུན་པའི་པདྨ་དཀར་པོ་ཟླ་བའི་འོད་རིས་ཅན། སྡོང་བུས་མཛེས་པའི་མཆོད་སྦྱིན་བརྒྱ་པའི་ཡན་ལག་གི་མཉེན་ལྕུག་ཀྱང་འཕྲོག་པའི་ཆུ་སྐྱེས་དང་། བདུད་བཞིའི་གཡུལ་ངོ་ཕམ་པར་བྱས་ཏེ་གང་གི་རྩེ་ལ་བཀོད་པའི་རིན་པོ་ཆེའི་ཏོག་ལས་གང་གསོལ་བ་བཏབ་པ་འབྱུང་བའི་ཏོག་ཅན་ལྷའི་དར་གོས་སྣ་ཚོགས་པའི་ལྷབ་ལྷུབ་རྣམ་པར་མཛེས་པའི་རྒྱལ་མཚན་དང་། སྐར་མའི་བདག་པོ་དྲྭ་བའི་ཁོང་གསེང་ཅན་དུ་བཀོད་ནས་སྤྲིན་སྲབ་མོའི་སྣམ་བུ་ཅུང་ཟད་ཙམ་གཡོག་པ་ལ། རིན་པོ་ཆེ་དུ་མའི་ཚར་ཚར་དང་ཕུད་བུ་བཏགས་པ་ལྟ་བུའི་གདུགས་དཀར་པོ་གསེར་གྱི་ལྗོན་པ་དྲང་པོའི་ཡུ་བ་ཅན་དང་། འཇིག་རྟེན་དང་དེ་ལས་འདས་པའི་ཕུན་སུམ་ཚོགས་པ་ཡོད་དོ་ཅོག་གིས་གང་ཞིང་། ལྷ་རྫས་ཀྱི་གོས་སྣ་ཚོགས་ཀྱི་མགུལ་པ་བརྒྱན་པའི་གཏེར་གྱི་བུམ་པ་བཟང་པོ་དང་། རིན་ཆེན་འབྱུང་བའི་གནས་ཀྱི་ཁྱད་པར་ན་གདེངས་ཅན་དབང་པོ་རྣམས་ཀྱི་ཅོད་པཎ་དུ་དཀྲིས་པའི་མཚན་མར་བཀོད། གཡས་ཕྱོགས་སུ་འཁྱིལ་བའི་ངོ་མཚར་དང་ལྡན་པ་དུང་དཀར་པོ་དང་། ལུས་ཤེལ་གྱི་བརྡར་བུ་གཤོག་འདབ་ཀྱི་རོལ་རྩེད་དང་ལྡན་ཞིང་། མིག་ཉི་མའི་[A:200]དཀྱིལ་འཁོར་ཆུའི་དབུས་སུ་ལྷུང་བ་ལྟ་བུའི་དམར་སེར་ཁྱིལ་ལེ་གཡོ་བའི་ཆུའི་གར་མཁན་གསེར་ཉ་ཟུང་རྣམས་ཏེ་བཀྲ་ཤིས་པའི་རྟགས་བརྒྱད་ཀྱིས་རྣམ་པར་བརྒྱན་པའོ། ། དེའི་སྟེང་དུ་དད་པ་ལ་སོགས་པའི་སྟོབས་ལྔའི་ཆུ་སྐྱེས་ཀྱི་ཕྲེང་བ་ཚར་དུ་མངར་བ་ནི་བུམ་རྟེན་