[B:60a]མགུར་ཆུའི་རྣམ་པར་སྲིད་པ་གསུམ་གྱི་བླ་མའི་བཟོ་བོས་བཀོད་པའོ། །
དེ་ནས་བྱང་ཆུབ་ཀྱི་ཡན་ལག་བདུན་རྣམ་པར་དག་པའི་བུམ་པ་ནི། ཏིང་ངེ་འཛིན་རབ་འབྱམས་བསམ་གྱིས་མི་ཁྱབ་པ་རྒྱ་མཚོའི་དཔལ་ལས་གྲུབ་པའི་རིན་པོ་ཆེ་དངུལ་གྱི་བུམ་པ་ལ། འཁོར་བ་ཐོག་མཐའ་མེད་པའི་དབྱིངས་སུ་སེམས་ཅན་གྱི་ཁམས་དང་མཉམ་པར་འཇུག་པས་དེ་དང་དེའི་དོན་ཕྲ་བ་དང་རགས་པ་གང་ལའང་ཕྱོགས་རིགས་སུ་འཛིན་པ་དང་བྲལ་བའི་བརྩོན་འགྲུས་རྒྱུན་མི་ཆད་པ་ལས་བྱུང་བའི་དབྱིབས་ཕུན་སུམ་ཚོགས་པ་དང་སྡུག་བསྔལ་བའི་དྲི་མའི་རབ་རིབ་སྐད་ཅིག་ཀྱང་མི་གནས་པའི་དགའ་བའི་མདངས་མཆོག་ཏུ་འབར་བ་དང་། འཁོར་བ་དང་མྱ་ངན་ལས་འདས་པ་ཆེན་པོའི་བར་གྱི་ཆོས་ཐམས་ཅད་རྩེ་གཅིག་ཏུ་མཉམ་པར་གཞག་པས་གཉིས་སུ་སྣང་བའི་ཤུན་པའི་རང་རོང་མི་མངའ་བའི་ངོས་འཇམ་པ་[A:201]དང་ལྡན་པའི་ཤིན་ཏུ་སྦྱངས་པ་དང་། ཆོས་ཐམས་ཅད་ལ་ཡེ་ཤེས་ཀྱི་སྣང་བ་དམ་པའི་རོས་ཁྱབ་པས་མི་སྡུག་པ་མི་མངའ་བར་རང་གི་རྒྱན་ཕུལ་དུ་བྱུང་བའི་ཕྱི་དོན་དུ་མཛེས་ཤིང་ཡིད་དུ་འོང་བའི་དྲྭ་བ་དྲྭ་ཕྱེད་ཀྱིས་བརྒྱན་པས་རྣམ་པར་འབྱེད་པ་དང་། ཤེས་བྱའི་དཀྱིལ་འཁོར་ཐམས་ཅད་ལྐོག་ཏུ་མ་གྱུར་པར་མངོན་དུ་དུས་གསུམ་མཉམ་པར་དྲན་པའི་རིན་པོ་ཆེ་དུ་མའི་ཕྲ་མ་འདྲེས་པར་བཀོད་པས་མཆོག་ཏུ་བརྒྱན་པས་དྲན་པ་དང་། ཆོས་ཀྱི་དབྱིངས་མཐའ་དང་དབུས་རྣམ་པ་ཐམས་ཅད་དང་བྲལ་བའི་ཟབ་གསལ་ཡེ་ཤེས་ཀྱི་དཀྱིལ་འཁོར་ཆེན་པོ་ཆོས་ཉིད་དོན་དམ་པའི་གནས་ལུགས་ཕྱོགས་སུ་ལྷུང་བ་དང་བྲལ་བའི་བཏང་སྙོམས་ཆེན་པོའི་དཔལ་དང་ལྡན་པའི་བུམ་ཁྱིམ་ཟླུམ་པོ་མཐོ་ཞིང་བརྗིད་ཆགས་པའོ། ། དེའི་ནང་ངོས་ལ་དཀར་མོ་ལ་སོགས་པའི་ལྷ་མོ་བརྒྱད་ཀྱི་བཀོད་རིས་ཕུན་སུམ་ཚོགས་པ་ཉེ་བར་སྤྲས་པར་བྱས་ཤིང་། དེ་ཉིད་ཀྱི་དབུས་ན་རིགས་ཐམས་ཅད་ཀྱི་ཁྱབ་བདག་ཆོས་ཀྱི་དབྱིངས་མཐའ་དང་བྲལ་བའི་ཞིང་རབ་འབྱམས་སུ་སྐུ་གསུང་ཐུགས་མི་ཟད་པའི་རྣམ་འཕྲུལ་རྒྱུན་མི་ཆད་པའི་བཀོད་པ་ཐམས་ཅད་པ། གང་གི་སྐུའི་རྡུལ་ཕྲ་མོའི་ཀློང་རེ་རེ་[A:202]ནའང་དུས་གསུམ་གྱི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཞིང་ཁམས་འབྱམས་ཀླས་པའི་བཀོད་