[B:12b]ཚེ་དཔག་མེད་ཀྱི་བསྙེན་པ་སྟོང་། འཇམ་དཀར་གྱི་སྔགས་སྟོང་། མཚན་བརྗོད། ཆོས་རྒྱལ་མ། ཐུབ་བསྟོད། ལྟུང་བཤགས། སྒྲོལ་མཆོད། གཙུག་ཏོར་རྣམ་རྒྱལ་གྱི་གཟུངས་རིང་ཉི་ཤུ་རྩ་ལྔ་རེ། གཤེད་དམར་བཅུ་གསུམ་མའི་བསྐྱེད་རིམ་དང་། གཙོ་བོའི་བསྙེན་པ་སྟོང་། འཁོར་རྣམས་བརྒྱ་རེ། བདེ་མཆོག་དྲིལ་བུ་ལུས་དཀྱིལ་དང་། ཡི་གེ་བདུན་པ་སྟོང་། ཀྱེ་རྡོར་ཡན་ལག་དྲུག་པ་ལམ་དུས་རྒྱས་པ་དང་བཅས་པའི་སྐབས་སྐྱབས་འགྲོ་ཡིག་བརྒྱ། ཨུཥྞཱི་ཥ། ཨ་ཥྚ་རྣམས་བརྒྱ་རེ། བྷ་ཡ་ན་བདུན། དེ་ཝ་པི་ཙུ་སྟོང་། ཡུམ་འཁོར་བཅས་བརྒྱ་རེ་དང་། གཞན་ཡང་རྒྱས་བསྡུས་སྐབས་དང་
སྦྱར་བའི་ཐུན་བཞིའི་གྲངས་ཚང་བ། འཇིགས་བྱེད་དཔའ་བོ་གཅིག་པའི་མངོན་རྟོགས་དང་། ཡ་མ་ར་ཛཱ། ཧྲཱི་ཥྚི། ཡམ་མཱནྟམནྟ་ཀ་རྣམས་སུམ་བརྒྱ་རེ། ཕུར་པའི་ཡང་སྙིང་ལྷན་སྐྱེས་དང་། ཀི་ལ་ཡ་སྟོང་། རྣམ་སྲས་སེར་ཆེན་དང་། ཚོགས་བདག་དམར་པོ་གཉིས་ཀྱི་གཏོར་བསྔོའི་སྐབས་སུ་སོ་སོའི་སྔགས་བརྒྱ་རེ། ཀྱེ་རྡོར། བདེ་མཆོག་གི་འདས་གཏོར། ཆོས་སྐྱོང་གུར་ཞལ། པུ་ཏྲ་མིང་སྲིང་། མཁའ་འགྲོ་སྤྱི་གཏོར། གཞི་[A:35]བདག་གཏོར་མ་རྣམས་ཀྱི་སྐབས་སུ། ཤཱ་ས་ན་སུམ་བརྒྱ། སྙིང་པོ་སྟོང་། ལྷ་མོ་བརྒྱ། ཞལ་བཞི་པའི་སྔགས་རིང་བརྒྱ། སྙིང་པོ་སྟོང་། ཡུམ་བཅས་བརྒྱ། མོན་པ་ཕོ་མོའི་བོད་པ་བརྒྱ་རེ། རྦད་བསད་མཚོན་ཙམ་རེ་དང་བཅས་པའོ། ། གཏོར་མ་བརྒྱ་རྩ། གཤིན་རྗེ་དམར་འཇིགས་ཀྱི་སྒོ་ནས་དྲུག་ཅུ་པ་ལས་གཤིན་དང་བཅས་པ། ཆ་གསུམ། མདོ་སྒྲུབ་བདུད་ཟློག་དང་བཅས་པ། ཟ་བྱེད་མཁའ་འགྲོའི་སྦྱིན་སྲེག་བརྒྱ་ཚར། སེང་གདོང་མའི་ཟློག་པ། ལམ་འབྲས་ཕྱག་མཆོད་རྒྱས་པ། བྱམས་སྨོན། རྩ་ལྟུང་། ཚར་གསུམ་ཁུག་པ། ཉལ་བའི་རྣལ་འབྱོར་རྣམས་སོ། །
འདི་རྣམས་ཀྱི་ངེས་པ་ནི། རྗེ་ཉིད་ཀྱི་གསང་བ་ལས་ཀྱང་ཆེས་གསང་བའི་ཚུལ་དུ་ཟིན་བྲིས་གབ་ཡིག་ལྟ་བུའི་ཕྱག་བྲིས་སུ་བཏབ་ནས་ཡོད་པ་རེ་ཞིག་སུས་ཀྱང་མངོན་དུ་མ་གྱུར།