[B:28a]སྟོབ་པ་དང་། བརྗེད་པ་དང་། བསྙུན་རྨེད་པ་ལ་སོགས་པའི་བཀུར་བསྟི། ཁྲུས་དང་སྐུ་མཉེ་དང་དྲིལ་ཕྱིས་དང་། སྤོས་བདུག་པ་དང་། བསྙུན་གྱི་གསོས་སྨན་ལ་སོགས་པའི་རིམ་གྲོ་སྟེ།
[A:85]མདོར་ན་མཉེས་པ་གསུམ་གྱི་མཆོད་པའི་སྤྲིན་རབ་འབྱམས་སྤྲོ་བས་སྐུ་གསུང་ཐུགས་ཀྱི་དཀྱིལ་འཁོར་མཆོག་ཏུ་མཉེས་པར་མཛད་ནས། སྔགས་དང་ཕ་རོལ་ཏུ་ཕྱིན་པས་བསྡུས་པའི་བདེ་བར་གཤེགས་པའི་གསུང་རབ་བཀའ་དྲི་མ་མེད་པ་གངས་རིའི་ཁྲོད་དུ་འགྱུར་རོ་འཚལ་དང་། དེ་དག་གི་དགོངས་པ་འགྲེལ་བའི་བསྟན་བཅོས་རྒྱ་བོད་ཀྱི་ཤིང་རྟ་ཆེན་པོ་རྣམས་ཀྱིས་མཛད་པ་གྲངས་མེད་པ་དང་དེ་དག་ལ་བརྟེན་པའི་དབང་བསྐུར་བ་དང་རྗེས་སུ་གནང་བ་དང་། ལུང་ནོད་པ་དང་ཚིག་གི་དོན་རྒྱ་ཆེར་བཤད་པ། གདམས་པ་དང་། རྗེས་སུ་བསྟན་པ་དང་མན་ངག་གི་གནད་གསང་ལ་ཉམས་ཁྲིད་དུ་མཛད་པ་སོགས། མཐའ་ཡས་པ་མཐའ་ཡས་པའི་ཆོས་ཀྱི་འཁོར་ལོ་ཟབ་ཅིང་རྒྱ་ཆེ་བའི་རིས་སུ་མ་ཆད་པ་ལེགས་པར་གསན་ཞིང་། སྐྱེ་བས་ཐོབ་པའི་མཁྱེན་རབ་ཡངས་པ་དང་ཟབ་པ་དང་རྣོ་བ་ལ་སྦྱོར་བ་ལས་བྱུང་བའི་བརྩོན་འགྲུས་དྲག་པ་དང་། རྒྱུན་ཆགས་པ་དང་ཕྱིར་མི་ལྡོག་པས་བརྒྱན་ཏེ། ཐོས་པ་དང་བསམ་པ་དང་སྒོམ་པའི་འཁོར་ལོས་ཉིན་མཚན་གྱི་དུས་འདའ་བར་མཛད་པས། རྒྱུད་སྡེ་བཞི་དང་སྡེ་སྣོད་གསུམ་གྱིས་བསྡུས་པའི་ལུང་རིག་པ་དང་[A:86]མན་ངག་ལ་སོགས་པ། རྒྱལ་བ་བུ་རམ་ཤིང་པའི་རིང་ལུགས་མཐའ་དག་གི་དྲང་བ་དང་ངེས་པའི་དོན་གྱི་དགོངས་པ་དང་གསང་བ་རྟོགས་པར་དཀའ་བའི་གནད་མ་ལུས་ཤིང་ལུས་པ་མེད་པར་མཁས་ཤིང་འདྲིས་ལ་རང་དབང་དུ་གྱུར་ཅིང་། བཟོ་དང་གསོ་བ་དང་སྒྲ་དང་ཚད་མ་དང་སྙན་དངགས་དང་སྡེབ་སྦྱོར་དང་མངོན་བརྗོད་དང་སྐར་རྩིས་ལ་སོགས་པ་ཤེས་བྱ་རིག་པའི་གནས་རབ་འབྱམས་ལ་མཁྱེན་རབ་ཀྱི་སྣང་བ་ཕྱོགས་མེད་དུ་རྒྱས་ཏེ།
དྲི་མ་མེད་པའི་གསུང་རབ་འཆད་པ་དང་། རང་གཞན་གྱི་གྲུབ་པའི་མཐའ་རྩོད་པ་དང་། དགོངས་འགྲེལ་གྱི་བསྟན་བཅོས་