[B:28b]རྩོམ་པ་སོགས་ལ་སའི་སྟེང་ན་འགྲན་པའི་ཟླ་ཐམས་ཅད་དང་བྲལ་བ་ལས། ཛམྦུའི་གླིང་གི་ཆེ་བ་དང་གཏན་པ་དང་། བཙུན་པ་དང་མཁས་པ་དང་བཟང་བའི་སྐྱེ་དགུ་ཐམས་ཅད་ཀྱི་གཙུག་གི་རྒྱན་དང་ཅོད་པཎ་དང་ནོར་བུར་གྱུར་ཅིང་། རྩོད་པའི་དུས་འདིར་མི་མཇེད་ཞིང་གི་སྟོན་པ་མཉམ་མེད་ཤཱཀྱ་སེང་གེའི་རྒྱུ་དང་འབྲས་བུའི་བསྟན་པ་ལུས་ཡོངས་སུ་རྫོགས་པའི་མངའ་བདག་ཆེན་པོར། ལྷ་དང་བཅས་པའི་འཇིག་རྟེན་ཐམས་ཅད་ཀྱི་མངའ་གསོལ་ཏེ་ཁམས་གསུམ་ཆོས་ཀྱི་འཁོར་ལོས་སྒྱུར་བའི་རྒྱལ་པོ་ཆེན་པོར་[A:87]གྱུར་པ་ཡིན་ནོ། ། འདིར་སྨྲས་པ།
མདོ་རྒྱུད་དམ་ཆོས་མ་ལུས་ཁྱོད་ཀྱི་གསན་ཞིང་མཁྱེན་ཏེ་བདག་གིར་མཛད་པས་སྐྱེ་དགུའི་སྙིང་ལས་ཆུང་ངུར་ཁྱོད་ཉིད་གཅིག་པུས་བསྟན་པ་འཛིན་དང་འགྲོ་དོན་སྤེལ་བའི་རེ་བས་འཚོ། །
རྒྱ་ཆེན་གསུང་རབ་ཆུ་ཀླུང་འབུམ་རྒྱས་ཁྱོད་བློའི་རྒྱ་མཚོ་གང་མ་ནུས་ཕྱིར་ད་དུང་ལེགས་གསུངས་ཆོས་ཆར་འབེབས་ཞེས་རྒྱལ་བ་རྣམས་ནི་དག་པའི་ཞིང་ན་རྒྱུན་མི་ཆད་པའི་ཆོས་འཁོར་བསྐོར། །
ཐུབ་པའི་བསྟན་པ་ཡོངས་སུ་རྫོགས་པར་ཁྱོད་ཀྱི་འཛིན་ན་བདག་ཅག་རྣམས་ཀྱི་ངེས་པར་ཅི་ཞེས་ཆོས་ཀྱི་སྤྱན་ལྡན་སྐྱེས་ཆེན་རྣམས་ནི་ཞི་བའི་དབྱིངས་སུ་སྙོམས་པར་ཞུགས་ཏེ་འདའ་ཚུལ་བསྟན། །
ཤཱཀྱ་སེང་གེའི་དམ་པའི་ཆོས་ཚུལ་སྙིགས་མའི་མཐའ་འདིར་ཁྱོད་ཀྱིས་བསྟན་པའི་སྒྲོན་མེ་སྤར་བས་རྒྱལ་ཚབ་བྱམས་མགོན་ད་ཀོ་ཞིང་འདིར་བྱོན་པར་ངེས་སྙམ་ལྷ་རྣམས་དགའ་བའི་ཅ་ཅོ་འབྱིན། །
་
མདོ་རྒྱུད་གསུང་རབ་ལྷ་ཡི་གངཱ་ཡང་། །
བློ་གྲོས་མགུལ་པར་དོག་པ་མེད་འཛིན་པའི། །
རྒྱ་བོད་མཁས་པའི་གཞུང་ལུགས་ཆུ་བོ་རྣམས། །
བློ་ཆེན་དྲང་སྲོང་ཁྱོད་ལ་ཆུ་ཐིགས་མཚུངས། །
སྒྲིབ་གཉིས་རྡུལ་གྱིས་ཞར་ཡང་མ་རྙོགས་པའི། །
ཁྱོད་ཐུགས་དང་[A:88]བའི་མེ་ལོང་གཅིག་ཁོ་ན། །
ཕྱར་བའི་མོད་ལ་དྲང་ངེས་ཆོས་ཕུང་ཀུན། །
རང་རང་ངང་ཚུལ་སྟོན་ལ་རིངས་པ་སྙམ། །
མཁྱེན་པའི་ཡེ་ཤེས་སྐད་ཅིག་གཅིག་གིས་ཀྱང་། །
ཤེས་བྱའི་དཀྱིལ་འཁོར་མ་ལུས་མངོན་སུམ་གཟིགས། །