[B:33b]ཡི་དམ་གྱི་ལྷ་སོ་སོའི་བསྐྱེད་པའི་རིམ་པ་ལ་གནས་དུས། དེ་དང་དེའི་སྐུ་མདོག་དང་རྗེས་སུ་མཐུན་པར་ཞལ་གྱི་དཀྱིལ་འཁོར་གྱི་མདངས་འགྱུར་བ་ནི་མངོན་སུམ་མོ། །
ཡང་མདོ་མང་གི་ལུང་གནང་བའི་སྐབས་ཤིག་ཏུ་ནམ་མཁའ་ལ་ཡང་ཡང་གཟིགས་ཤིང་གུས་པའི་ཚུལ་མཛད་པ་ན། མེ་ཏོག་གི་ཆར་ཆེར་བབ། ཐུགས་བརླིང་ཞིང་ཟབ་པས་བཀའ་མི་བསྩལ་ཡང་། དེ་དུས་སངས་རྒྱས་བྱང་སེམས་སོགས་ཀྱི་གཟིགས་སྣང་བྱུང་བར་གོར་མ་ཆག་གོ།
གཞན་ཡང་གསུང་ཆོས་ཀྱི་གནས་སྐབས་འགར་མེ་ཏོག་གི་ཆར་དངོས་སུ་བབ་པ་ནི་བགྲང་བ་ལས་འདས། དེ་ཡང་རྒྱུད་སྡེ་རྒྱ་མཚོའི་ངེས་གསང་ལས་བྱུང་བའི་ལམ་གྱི་རིམ་པ་ཇི་[A:104]ལྟར་བཞིན་དུ་ཐུགས་ཉམས་སུ་བསྟར་བས། དེ་དག་གི་འབྲས་བུའི་རིམ་པ་ཡང་མངོན་སུམ་དུ་འགྱུར་བ་ཆོས་ཉིད་ཡིན་ལ། དེ་ལས་གདུལ་བྱ་ལས་སྣང་སོ་སོའི་སྐལ་མཚུངས་རྣམས་ཀྱི་སྣང་ངོར་ཅུང་ཟད་ཙམ་བརྗོད་པ་ཡིན་གྱི། གསང་ཆེན་དམ་པ་སོགས་ནི་བློ་དམན་པ་དང་། ངག་གི་ཡུལ་དུ་མི་འགྱུར་བས་སོ། །
གཞན་ཡང་ཆེན་པོ་འགའ་ཞིག་ལྟར། རང་གཞན་གྱི་ཕྱོགས་འཛིན་པའི་ཆེད་དུ་ལས་སྦྱོར་དང་གཏོར་མའི་ལས་མི་གནང་ཡང་། ཡུལ་ཚང་བ་ལ་ལར་མངོན་སྤྱོད་ཀྱི་ལས་མཛད་དུས། གཏོར་མ་འཕྲིག་ཅིང་མེ་འབར་བ་དང་། གཏོར་ལམ་ལ་མེ་འུར་སྒྲ་དང་བཅས་ཏེ་འགྲོ་བ་ཐམས་ཅད་ཀྱིས་མངོན་དུ་གྱུར་ཅིང་། དེ་དང་མཐུན་པའི་རྟགས་ཀྱང་ཡུན་མི་རིང་བར་བྱུང་བ་དང་། ལ་ལར་ནི་མེ་དངོས་སུ་འབབ་པ་བྱུང་ཞིང་། དེང་སང་ཡང་དུས་གཏོར་སོགས་ཀྱི་སྐབས་སུ་གཏོར་ལམ་གང་ཡིན་ལ་མེ་འགྲོ་བ་ནི་མཐུན་པར་སྣང་ངོ་། །མདོར་ན་སངས་རྒྱས་ཀྱི་བསྟན་པ་ལ་འཛིན་སྐྱོང་ཚུལ་བཞིན་དུ་མཛད་པས་བསྟན་སྲུང་བྲན་དུ་འཁོལ་བ་ཆོས་ཉིད་ཡིན་པ་དང་། ནོར་ལྷ་གཏེར་བདག་ལ་ཡང་མངའ་བརྙེས་པས། སྲིད་ཀྱི་མངའ་རིས་ཁྱོན་ཆུང་ཡང་འདོད་དགུའི་[A:105]དཔལ་འབྱོར་ཇེ་འཕེལ་དང་། བསམ་པ་དང་གཞལ་བའི་