[B:36b]བཟང་པོའི་ན་བཟའ་པདྨ་རཱ་གའི་མདོག་ཅན། གོས་དར་ཡུག་སྣ་ཚོགས་པ་རྣམས་དབང་པོའི་གཞུ་ལྟར་བཀྲ་བས་སྙན་ཤལ་མཛེས་པར་བྱས་པ། ལྷ་དང་བཅས་པའི་འགྲོ་བ་རྣམས་ཀྱི་བསོད་ནམས་ཀྱི་ཞིང་དམ་པར་ལྷམ་མེ་ལྷན་ནེ་ལྷང་ངེར་བཞུགས་པའོ། ། སེང་ཁྲིའི་གཡས་ངོས་ན་ཤེས་རབ་ཅན་གྱི་མཆོག་ཤཱ་རིའི་བུ་དང་། བསླབ་པ་ལ་གུས་པའི་མཆོག་སྲས་སྒྲ་གཅན་འཛིན་ནོ། ། གཡོན་ངོས་ན་རྫུ་འཕྲུལ་ཅན་གྱི་མཆོག་མོང་གལ་གྱི་བུ་དང་། མང་དུ་ཐོས་པའི་མཆོག་ཀུན་དགའ་བོ་རྣམས་གཙོ་བོ་ལ་འདུད་པའི་ཚུལ་གྱིས་འགྲེང་སྟེ་བཞུགས་པའོ། ། སྐུའི་གཡས་ཕྱོགས་ཀྱི་ངོས་ལ་རིམ་པ་བཞིན། རྒྱལ་བའི་རྒྱལ་ཚབ་ས་བཅུའི་དབང་ཕྱུག་བྱམས་པ་མགོན་པོ་དང་། ཀུན་ནས་སྙིང་རྗེ་ཚད་མེད་པ་སྤྱན་རས་གཟིགས་ཀྱི་དབང་པོ་དང་། གསང་བ་པའི་བདག་པོ་ཕྱག་ན་རྡོ་རྗེ་དང་། ནམ་མཁའ་དང་མཉམ་པར་འཇུག་པ་ནམ་མཁའི་སྙིང་པོ་དང་། གཡོན་ཕྱོགས་ཀྱི་ངོས་ལ་ཤེས་བྱའི་གནས་མ་ལུས་པ་ལ་ཁྱབ་པའི་མཁྱེན་པའི་སྒོ་མཐའ་ཡས་པ་སྨྲ་བའི་དབང་པོ་འཇམ་དཔལ་དབྱངས་དང་། རྒྱལ་བའི་དཀྱིལ་འཁོར་རབ་འབྱམས་དུས་ཡོལ་བ་[A:115]མེད་པར་མཆོད་པའི་སྤྲིན་ཕུང་སྤྲོ་བར་མཛད་པ་ཀུན་ཏུ་བཟང་པོ་དང་། རྣམ་པ་ཐམས་ཅད་མཁྱེན་པའི་ས་ལ་སྒྲིབ་པར་བྱེད་པའི་གནས་མ་ལུས་ཀུན་ནས་དབྱུང་བར་མཛད་པ་སྒྲིབ་པ་རྣམ་སེལ་དང་། སའི་ཁོར་ཡུག་མ་ལུས་པ་ལ་དབང་འབྱོར་བ་སའི་སྙིང་པོ་སྟེ་བྱང་ཆུབ་སེམས་དཔའ་ཆེན་པོ་བརྒྱད་རྣམས་སྐུའི་དབྱིབས་རྒྱ་དཀར་ནག་བལ་པོ། ཁ་བ་ཅན་གྱི་རིག་བྱེད་མཁས་པ་རྣམས་ཀྱི་ལུགས་སོ་སོ་དང་མཐུན་པར་སྐུའི་རྣམ་འགྱུར། ན་བཟའ། རྒྱན་ཕྲེང་སོགས་དེ་དང་དེའི་ཚུལ་མ་འདྲེས་པར་བཀོད་དེ་བཞུགས་པའོ། ། དེ་རྣམས་ཀྱི་མཐའ་ངོས་གཡས་ཕྱོགས་ན་ཁྲོ་བོ་ཁམས་གསུམ་ལས་རྣམ་པར་རྒྱལ་བ་དང་། གཡོན་ཕྱོགས་ན་ཁྲོ་བོ་ཆེན་པོ་མི་གཡོ་བ་གཉིས་ཀྱི་སྒོ་སྲུང་འཇིགས་ཤིང་རྔམས་པའི་ཚུལ་གྱིས་བཞུགས། སྒོ་འཕར་གྱི་གཡས་ངོས་ན། སུམ་རྩེན་གནས་ཀྱི་དབང་པོ་མཆོད་སྦྱིན་བརྒྱ་པ་དང་། གཡོན་ངོས་ན་འཇིག་རྟེན་གྱི་བྱེད་པོ་ལྷ་ཚངས་པ་གདོང་བཞི་པ་རྣམས་འགྲེང་སྟེ་བཞུགས་སོ། ། སེང་ཁྲིའི་མདུན་ངོས་ཀྱི་གཡས་ན། ཤཱཀྱའི་རྒྱལ་པོ་ཉིད་ཀྱི་ཡབ་རྒྱལ་པོ་ཟས་གཙང་མ་དང་། གཡོན་ངོས་ན་
ཡུམ་སྒྱུ་