[B:41b]གཡོན་ན་སྔགས་ཆས་ཁང་པ་ཀ་བཞི་མར། བཅོམ་ལྡན་འདས་རྡོ་རྗེ་ཕུར་བའི་ཕྲ་ཕྱག་གི་ཞལ་འབག་སོགས། གསང་སྔགས་གསར་རྙིང་གི་ཕྱག་བཞེས་སྐྱོང་བ་ལ་དགོས་པའི་ཆ་ལག་མ་ཚང་བ་མེད་པས་གང་བ། གཙང་ཁང་གི་ངོས་གཉིས་ལ་འཛམ་གླིང་མཛེས་པར་བྱེད་པའི་རྒྱན་དྲུག་མཆོག་གཉིས། སེང་གདོང་གཡས་གཡོན་ལ་རྗེ་ས་སྐྱ་པ་ཆེན་པོ་དང་རྣལ་འབྱོར་དབང་ཕྱུག་ཞལ་སྤྲོད། བར་སྐོར་གྱི་ཕྱི་ནང་ལ་རྒྱལ་བ་མི་འཁྲུགས་པ་དང་། སངས་རྒྱས་འོད་དཔག་མེད་གཉིས་སྟོང་སྐུ་དང་བཅས་པ་རྣམས་རི་མོར་བཀོད་པའོ། ། གློ་འབུར་ལྷོ་མ་སྔགས་ཁང་ཆེན་མོ་ཀ་ཆེན་གཉིས་ཀྱིས་ཕུབ་པའི་གུད་ན་བཅོམ་ལྡན་འདས་རྡོ་རྗེ་འཇིགས་བྱེད་རྭ་ལུགས་དང་མཐུན་པ་ཞལ་ཕྱག་ཡོངས་སུ་རྫོགས་པ་རྔམ་ཞིང་འཇིགས་པའི་ཉམས་ཅན་དང་། གཡས་ཕྱོགས་ནས་རིམ་པས། བཅོམ་ལྡན་འདས་རྡོ་རྗེ་གཞོན་ནུ་[A:134]ཕྲིན་ལས་ཐམས་ཅད་ལ་དབང་འབྱོར་བ་དང་། བཀའ་སྲུང་བདུད་རྒྱལ་ནག་པོ་ཐོད་པའི་ཕྲེང་བ་དང་། དམ་ཅན་གྱི་སྲུང་མ་དཀར་མོ་ཉི་ཟླ་ཉི་སྟོང་གི་ཕྲེང་བ་ཅན་རྣམས། གཡོན་ཕྱོགས་ནས་རིམ་པས། དཔལ་དུས་ཀྱི་འཁོར་ལོའི་སྲུང་མ་བཅོམ་ལྡན་འདས་རྡོ་རྗེ་ཤུགས་ཁྲོ་བོའི་རྒྱལ་པོ་རྣམས་ལ་དབང་བསྒྱུར་བ་དང་། འཆི་བདག་ཡི་དྭགས་ཀྱི་བདག་པོ་ཆོས་རྒྱལ་ལས་ཀྱི་གཤིན་རྗེ་དང་། སྐྱེ་འགྲོ་ཀུན་གྱི་སྲོག་ལ་དབང་བྱེད་པ་ལྷ་མོ་ནག་མོ་ཙ་མུཎྜི་རྣམས་སྒྲུབ་པ་པོ་ལ་རྣམ་གཉིས་ཀྱི་དངོས་གྲུབ་སྩོལ་ཞིང་། ཉམས་པའི་རུ་ཏྲ་སྒྲོལ་བ་ལ་དཔའ་བའི་ཉམས་དང་ལྡན་པར། དུར་ཁྲོད་འཇིགས་སུ་རུང་བའི་བཀོད་རིས་ཕུན་སུམ་ཚོགས་པའི་དབུས་ན་བཞུགས་པའི་སྤྱན་སྔར་མཆོད་གཏོར་སྤྱན་གཟིགས་སོགས་བསམ་གྱིས་མི་ཁྱབ་པ་དང་བཅས་པའོ། ། འདིའི་གཙོ་བོའི་རུས་ཤིང་འཛུགས་པའི་བཀའ་བཀོད་གནང་། ཡི་དམ་གྱི་སྐུ་འདི་མྱུར་དུ་འགྲུབ་པར་འགྱུར་བས། གྲུབ་དུས་ལན་འཕྲོད་ཀྱིས་ཞེས་བཀའ་སྩལ་ནས། རྗེ་བཙུན་དམ་པ་འདི་ཉིད་གཟིམས་སྤྱིལ་དགའ་ལྡན་དུ་སྐུ་མཚམས་བཅད་རྒྱ་ལ་བཞུགས་པ་གནང་ངོ་། ། དེ་ནས་ཟླ་བ་གཅིག་གི་ཁོངས་སུ་སྐུ་ཡོངས་སུ་རྫོགས་པ་[A:135]ལེགས་པར་གྲུབ་སྟེ། མཚོན་གདན་སྤྱན་འབྱེད་ཙམ་བྱས་ནས། འདི་ལྟར་བགྱིས་ཡོད་པའི་ཞུ་བ་ཕུལ་དུས། དགྱེས་པ་ཆེན་པོ་དང་བཅས་ཏེ་ཕྱག་ཕེབས་ནས། ཡི་དམ་གྱི་བྱིན་རླབས་དང་རིག་བྱེད་ཀྱི་ཉེར་ལེན་ཟུང་དུ་