R2: ཆོས་ཀྱི་རྗེ་ཐམས་ཅད་མཁྱེན་པ་རྡོ་རྗེ་གདན་པ་ཆེན་པོ་ཀུན་དགའ་རྣམ་རྒྱལ་དཔལ་བཟང་པོའི་རྣམ་པར་ཐར་པ་ངོ་མཚར་རིན་པོ་ཆེའི་གཏེར་མཛོད།

  • Pagination (Witness B): 42a
[B:42a]ཆུགཆུད་པས་ལེགས་འདུག་ཅེས་རབ་ཏུ་གནས་པ་བསྡུས་པ་ཙམ་གནང་ཞིང་། མཁྱེན་པའི་རྩེ་མོ་བི་ཤྭ་ཀརྨ་གཉིས་པ་ལ་ཡང་གཟེངས་བསྟོད་དང་། གནང་བྱིན་བཟང་པོ་གནང་ལ། སྒྲུབ་པའི་ཚུལ་བསྟན་པ་ཙམ་མ་གཏོགས་རང་བྱོན་ཁོ་ནར་ངེས་ཏེ། ཕྱིས་ཤིང་མཁན་ཁ་ཅིག་གིས་སྐྱོན་གྱིས་ལན་ཅིག་ལྡོག་རྣམས་རྡིབ་པའི་ཚེ་ཡང་སྐུ་ངོ་བོ་ལ་ཅུང་ཟད་ཙམ་གྱིས་ཀྱང་ཉེས་སྐྱོན་མ་བྱུང་བས། ངོ་མཚར་བ་ལས་ཀྱང་ལྷག་ཏུ་ངོ་མཚར་བའི་གནས་སོ། ། དེའི་བླ་ ཕྱོགས་སྔགས་ཁང་སྟེང་ན་རྒྱལ་བ་ཐམས་ཅད་ཀྱི་གསུང་གི་རྣམ་འཕྲུལ་རྗེ་བཙུན་འཇམ་དཔལ་དབྱངས་ཀྱི་གསེར་སྐུ་མི་ཚད་མ་བལྟ་བས་ངོམས་པ་དང་བྲལ་བ་ཞིག་དང་། གུང་གི་ཆ་ལ་གསུང་ངག་རིན་པོ་ཆེ་ལམ་འབྲས་བུ་དང་བཅས་པའི་མན་ངག་གི་བླ་མ་བརྒྱུད་པའི་རིམ་པ་ཁྱབ་བདག་རིགས་དྲུག་པ་རྡོ་རྗེ་འཆང་ནས། རྗེ་བཙུན་ཐམས་ཅད་མཁྱེན་པ་རྡོ་རྗེ་གདན་པའི་བར་གྱི་བླ་མ་དམ་པ་ཉི་ཤུ་རྩ་གསུམ་གྱི་གསེར་སྐུ་[A:136]ཁྲུ་གང་བའི་ཚད་དུ་སོ་སོར་ཁྲི་བཞུགས་གདན་ན་བཟའ་དང་བཅས་ཏེ་བཞུགས་པ་དང་། དེ་དག་གི་གཡས་ཕྱོགས་ན་རྗེ་བཙུན་ཉིད་ཀྱི་ཡུམ་གྱི་དོན་དུ་བཞེངས་པར་མཛད་པའི་བཅོམ་ལྡན་འདས་ཀུན་རིག་རྣམ་པར་སྣང་མཛད་ཀྱི་གསེར་སྐུ་མི་ཚད་མ་ཕྲ་རྒྱན་དུས་གསུམ་ཁེགས་པས་སྤྲས་པ་ཁྲི་རྒྱན་འབུབས་དང་བཅས་པ་དང་། གཡོན་ཕྱོགས་ན་ཇོ་བོ་རྗེའི་ཐུགས་དམ་ཐུབ་པ་གྲོང་ཁྱེར་མའི་ལི་དམར་ཆེས་ངོ་མཚར་བ་ཁྱེའུ་ལོ་བརྒྱད་པའི་ཚད་ཁྲི་རྒྱབ་དང་བཅས་ཏེ་བཞུགས་ཤིང་། རི་མོར་བཀོད་པ་ལ། གུང་ན་བཅོམ་ལྡན་འདས་རྡོ་རྗེ་དབྱིངས། དེ་ནས་གཡས་ཕྱོགས་ནས་རིམ་པ་བཞིན་དཔལ་མཆོག་རྡོ་རྗེ་སེམས་དཔའ། ཆོས་ཀྱི་དབྱིངས་གསུང་གི་དབང་ཕྱུག་འཇམ་དཔལ་གསང་ལྡན། གཙུག་ཏོར་དྲི་མ་མེད་པ། སྤྱན་རས་གཟིགས་ཁ་སར་པ་ཎི། གཙུག་ཏོར་རྣམ་རྒྱལ། གཙུག་ཏོར་གདུགས་དཀར། ལྷ་མོ་ནོར་རྒྱུན་མ་དང་། གཡོན་ཕྱོགས་ནས་རིམ་བཞིན་ཀུན་རིག་རྣམ་སྣང་། བཅོམ་ལྡན་འདས་ཤཱཀྱ་སེང་གེ་རྣམ་པར་སྣང་མཛད་མངོན་པར་བྱང་ཆུབ་པ། རིག་སྔགས་ཀྱི་རྒྱལ་མོ་སོ་སོར་འབྲང་མ། ལྷ་མོ་གཟའ་རྣམས་ཀྱི་ཡུམ། རྗེ་བཙུན་མ་འོད་ཟེར་ཅན་མ་རྣམས་[A:137]སོ་སོའི་འཁོར་ཚོགས་དང་བཅས་པ། སྒོའི་ཤར་ན་ཁྲོ་བོ་རྡོ་རྗེ་གནོད་སྦྱིན་དང་། ནུབ་ན་ཁྲོ་བོ་རྡོ་རྗེ་མེ་ལྟར་འབར་བའོ། ། གུང་གི་སྒོ་གོང་གཡས་གཡོན་