[B:45b]དཀྱིལ་འཁོར་སུམ་བཅུཅུ་ཕྱིན་གྱི་སྒྲུབ་མཆོད། ཆོས་སྐྱོང་གོང་འོག་གི་བསྐང་གསོ་སོགས་དང་བཅས་པའི་ཕྱག་ལེན་གྱི་རིམ་པ།
ས་གའི་ཟླ་བ་ལ་དཔལ་དུས་ཀྱི་འཁོར་ལོ་གཙོ་བོར་གྱུར་པའི་བདེ་མཆོག་མཁའ་འགྲོ་རྒྱ་མཚོ། སངས་རྒྱས་མཉམ་སྦྱོར། རྡོ་རྗེ་གདན་བཞི་རྣམས་ཀྱི་སྒྲུབ་མཆོད། གྲོ་བཞིན་གྱི་ཟླ་བ་ལ་དཔལ་རྩེ་སོགས་རྣལ་འབྱོར་རྒྱུད་གཙོ་བོར་གྱུར་པའི་དཀྱིལ་འཁོར་བཅུ་གཅིག་ཙམ་གྱི་སྒྲུབ་མཆོད། མགོའི་ཟླ་བའི་ཡར་ངོ་མར་ངོའི་བརྒྱད་གཉིས་ལ་དཔལ་མགོན་ཞལ་བཞི་པའི་[A:149]གཏོར་མ་ཞི་དྲག་གི་ཆོ་ག་གཏོར་སྐྱོང་དང་གཏོར་ཆེན་རྣམ་པ་གཉིས། རྒྱལ་གྱི་ཟླ་བ་ལ་བསྟན་པ་སྤྱིའི་དུས་རིམ་ཆེན་མོ་བཅོམ་ལྡན་འདས་རྡོ་རྗེ་ཕུར་པའི་སྒྲུབ་མཆོད་དང་། ཆོས་སྐྱོང་གི་བསྐང་གསོ་མདོས་གཏོར་སོགས་ཀྱི་སྒོ་ནས་ཕྱག་བཞེས་གཞན་ལས་ཁྱད་པར་དུ་འཕགས་པ་རྒྱས་པར་མཛད་དོ། །
གཞན་ཡང་བླ་མ་སོ་སོའི་ལོ་དུས་ཀྱི་མཆོད་པ་དང་། དེ་དག་གི་རྒྱུན་གྱི་མཆོད་ཐབས་གང་ལ་གང་འོས་སོ་སོར་སྦྱོར་བ་སོགས། མདོར་ན་ཕན་བདེའི་འབྱུང་གནས་སངས་རྒྱས་ཀྱི་བསྟན་པ་ཉག་གཅིག་ཐུགས་ལ་བརྣགས་པའི་རྣམ་པར་འཕྲུལ་པ་ཁོ་ནའོ། ། ཕྱིས་དགོན་ལག་དབེན་གནས་ཀྱི་ཚུལ་དུ། བདེ་ཆེན་ཆོས་འཁོར་ཞེས་པའི་གཙུག་ལག་ཁང་རྟེན་དང་བརྟེན་པར་བཅས་པའི་མགོན་ཁང་དུ་ཆོས་སྐྱོང་ཆེ་བའི་སྐུ་ཉིད་རྗེ་བཙུན་དམ་པ་དེས་ཕྱག་བྲིས་ལས་གྲུབ་པ་སོགས་བཀོད་པས་ཁྱད་པར་དུ་འཕགས་པ་གཅིག་ཀྱང་བསྒྲུབས་པར་མཛད་དོ། །
འདིར་སྨྲས་པ།
བསྟན་པའི་ཉིན་བྱེད་དགེ་ལེགས་འོད་སྟོང་ཅན། །
སྙིགས་དུས་ལོག་སྤྱོད་སྒྲ་གཅན་གྱིས་བསྒྲིབས་པས། །
འགྲོ་ཀུན་ལམ་ལོག་ཞུགས་ལ་མི་བཟོད་པའི། །
ཤུགས་དྲག་སྙིང་རྗེའི་རྒྱ་མཚོ་གྱེན་དུ་འཕྱུར། །
དེ་ཚེ་སྙིང་[A:150]སྟོབས་ཕྲག་པར་ལུས་ཅན་གྱི། །
ཕན་བདེའི་ཁུར་ཆེན་ལེན་བཟོད་ཁྱོད་ཐུགས་མཁར། །
ལྷག་བསམ་ཟླ་བ་སྟོང་ཕྲག་ཤར་བ་ལས། །
མཛད་བཟང་འོད་དཀར་ཕུང་པོས་ས་ཆེན་བཀང་། །
རྫོགས་སངས་རྒྱས་ཀྱི་བསྟན་པ་ཡིད་བཞིན་ནོར། །
རྩོད་དུས་མུན་སྤྲུལ་འདམ་རྫབ་ཀྱིས་སྦགས་པ། །
ཆད་རྩོད་རྩོམ་པའི་བྱི་དོར་གྱིས་སྦྱངས་ནས། །
བཤད་སྒྲུབ་རྒྱལ་མཚན་རྩེ་མོར་ཁྱོད་ཀྱིས་བཟུང་། །
གསེར་རིའི་ཕྲེང་བས་བསྐོར་བའི་ལྷུན་པོ་ཀུན། །
ཀུན་ནས་སྐྱེངས་པར་བྱེད་པའི་གཙུག་ལག་ཁང་། །