[B:46a]ཁང་བཟང་སྟོང་གིས་བསྐོར་བའི་རྡོ་རྗེའི་གདན། །
གདན་ཐོག་གཅིག་ཏུ་བཞེངས་པའི་ཆོ་འཕྲུལ་བསྟན། །
བསྟན་འཛིན་དགེ་འདུན་འབུམ་ཕྲག་འདུས་པའི་སྡེ། །
སྡེ་སྣོད་གསུམ་གྱི་ཆོས་སྒྲ་སྒྲོག་པའི་ས། །
ས་ཆེན་ཁོར་ཡུག་བཅས་པའི་ཐིག་ལེ་ཆེ། །
ཆེ་དགུས་མཆོད་འོས་རྡོ་རྗེ་གདན་པོ་དངོས། །
དངོས་གྲུབ་ཀུན་གྱི་འབྱུང་གནས་རྡོ་རྗེ་ཐེག་།
ཐེག་མཆོག་མཐར་ཐུག་གསང་ཆེན་ཟབ་ཞིའི་ཆོས། །
ཆོས་འཁོར་ལྷ་ཡི་རྔ་ཆེན་བདུད་ལས་རྒྱལ། །
རྒྱལ་བ་ལོངས་སྤྱོད་རྫོགས་སྐུའི་ཞིང་ཁམས་ཡིན། །
ཨ་ཧོ་འདི་ན་ཤཱཀྱའི་བསྟན་པ་མདོ་སྔགས་ཐེག་ལམ་ས་ཆེན་པོ། །
མཐུ་སྟོབས་དབང་ཕྱུག་ཁྱོད་ཀྱི་མཛད་མཆོག་ཕྲིན་ལས་བཞི་[A:151]ཡི་དཔུང་པས་བཟུང་། །
ཐེག་ཆེན་ཆོས་ཀྱི་འཁོར་ལོས་སྒྱུར་རྒྱལ་དཔལ་ལྡན་འཇིགས་མེད་དཔའ་བོའི་བཀའ། །
ས་གསུམ་མཁས་དང་གྲུབ་པའི་སྤྱི་བོར་མེ་ཏོག་ཕྲེང་བ་བཞིན་དུ་འཛིན། །
དཔལ་ལྡན་བླ་མ་དམ་པའི་རྣམ་པར་ཐར་པ་ངོ་མཚར་རིན་པོ་ཆེའི་གཏེར་མཛོད་ལས་བསྟན་པ་སྤྱི་དང་ཁྱད་པར་གྱི་རྩ་ལག་ཏུ་གྱུར་པའི་མཛད་པ་བསྟན་པའི་སྐབས་ཏེ་བཅུ་པའོ། །
CHAPTER 11: EXPOSITION, DISPUTATION AND COMPOSITION; A: pp. 151-176; B: ff. 46a4-53a5
src: A translation of this chapter is contained in Fermer 2010.
བཅུ་གཅིག་པ་འཆད་རྩོད་རྩོམ་པས་ཐུབ་པའི་བསྟན་པ་གསལ་བར་མཛད་ཅིང་། མཐའ་ཡས་པའི་གདུལ་བྱ་སྨིན་གྲོལ་ལ་འགོདབཀོད་པའི་ཚུལ་ནི།
ཀུན་མཁྱེན་ཤཱཀྱའི་རིང་ལུགས་ཤིང་རྟ་ཆེ། །
དགའ་ཆེན་ཧེ་རུ་ཀ་དང་རྣམ་དབྱེར་མེད།
རྒྱལ་བ་ཀུན་དངོས་ས་གསུམ་འགྲོ་བ་ཡི། །
དཔལ་མགོན་བཟང་པོ་མཚུངས་པ་མེད་ཁྱོད་རྒྱལ།
གནས་གསུམ་ཤེས་བྱའི་ནམ་མཁའ་ལ། །
མཁྱེན་པའི་དཀྱིལ་འཁོར་ཆ་ཤས་རྫོགས།
འཆད་རྩོད་རྩོམ་པའི་འོད་སྟོང་གིས་།
ཐུབ་བསྟན་པད་ཚལ་རྒྱས་མཛད་དོ། །
Exposition: pp. 151.15-155.8; B: ff. 46a6-47a5
དེ་ཡང་བདག་ཅག་གི་བླ་མ་དཔལ་ཐམས་ཅད་མཁྱེན་པ་དེ། ལུང་རྟོགས་ཀྱི་ཆོས་ཐམས་ཅད་ལ་མངའ་དབང་དུ་གྱུར་པའི་རང་བྱུང་གི་སྐུ་བརྙེས་པས་བསྡུ་བའི་དངོས་པོ་བཞིའི་སྒོ་ནས། ལྷུན་གྲུབ་རྒྱུན་མི་འཆད་པའི་རྣམ་[A:152]
ཐར་གྱིས་མཐའ་ཡས་པའི་གདུལ་བྱ་སྨིན་གྲོལ་ལ་འགོད་ཚུལ་བསམ་གྱིས་མི་ཁྱབ་སྟེ། ཁྱད་པར་ལྔ་བརྒྱ་པའི་ཐ་མ་ལ་ཉེ་བའི་དུས་འདིར། བསྟན་པ་འཛིན་པའི་སྐྱེས་ཆེན་དམ་པ་ཕུལ་དུ་བྱུང་བ་རྣམས་ཀྱི་བཀའ་སྲོལ་བཟང་པོ་རྣམས་ལས་ཕྱིར་ཕྱོགས་པའི་བཤེས་གཉེན་ཕལ་ཆེར་ནི་མི་ཤེས་བཞིན་དུ་ཆོས་སྟོན་ལ་། ཤེས་པར་རློམ་པ་ཕལ་