[A:༣༤༣]བོས་པ་བཞིན་དུ་ལྷགས། །ཀྱེ་མ་སྲིད་པའི་ཕུན་ཚོགས་ཀུན། །མགོན་ཁྱོད་ཐུགས་རྗེ་ལས་བྱུང་ན། །དེ་ཉིད་ཞི་བར་མངོན་ཕྱོགས་ཚེ། །མི་དགེའི་མཚན་མ་ཅིས་མི་འབྱུང༌། །གཟོད་ནས་བདུད་བཞི་བཅོམ་པའི་ཚུལ། །སླར་ཡང་གསལ་བར་སྟོན་པའི་སླད། །རེ་ཞིག་སྐུ་ཚེ་བྱིན་བརླབས་པས། །འཆི་བདག་བདུད་ཀྱང་ཕམ་པར་བྱས། །འོན་ཀྱང་གདུལ་བྱའི་ཆུ་གཏེར་ནི། །རིན་ཆེན་གླིང་དུ་བསྒྱུར་ཟིན་པས། །གཞན་པའི་གདུལ་བྱ་ལ་བརྩེ་བའི། །གཟིགས་པ་དུས་ལས་ཡོལ་མ་གྱུར། །དེ་ཚེ་ཡེ་ཤེས་སེམས་དཔའ་ཉིད། །མངོན་སུམ་བཞུགས་པའི་རྟེན་རྣམས་ཀྱང༌། །སྐྱོ་བའི་ངལ་བ་རབ་འཛིན་ན། །ཐ་མལ་གཞན་རྣམས་སྨོས་མི་དགོས། །དེ་ནས་སྡུག་བསྔལ་དུ་མའི་གཏེར། །འགྲོ་འདིའི་བདེན་འཛིན་གཞོམ་པའི་སླད། །རྡོ་རྗེའི་སྐུ་ཡང་མི་རྟག་པའི། །དུས་ངན་མུན་པ་དེ་འདྲ་ཤར། །ཀྱེ་མ་སྡོམ་གསུམ་རྩ་བ་བརྟན། །བྱམས་བརྩེའི་ཡལ་ག་རབ་བརྐྱངས་ནས། །ཕན་བདེའི་འབྲས་བུ་ཀུན་སྩོལ་བའི། །དཔག་བསམ་ཤིང་དེ་གང་དུ་སོང༌། །ཀྱི་ཧུད་དམ་ཆོས་གཟི་འོད་ཀྱིས། །འཁོར་བའི་ཆུ་གཏེར་སྐེམས་བྱེད་ཅིང༌། །ཐར་པའི་ལམ་བཟང་གསལ་མཛད་པའི། །སྨྲ་བའི་ཉི་མ་གང་དུ་བཞུད། །ཀྱེ་མ་མ་ལ་འདི་ལྟ་བུ། །མངོན་སུམ་མིག་གིས་མ་མཐོང་བར། །འཆི་བའི་གོ་སྐབས་མ་རྙེད་པའི། །བདག་ཅག་ལས་ངན་ཅི་ཞིག་བསགས། །ལྟས་དང་ངོ་མཚར་མཐའ་ཡས་པས། །ས་གཞི་ནམ་མཁའ་ཀུན་བཀང་ཡང༌། །བདག་ཅག་ཁྱོད་དང་བྲལ་བ་ཡི། །སྙིང་ལ་མི་བཟོད་དུག་ཏུ་བྱས། །གཟོད་ནས་སེམས་ཅན་ཐམས་ཅད་ལ། །ཕན་པ་སྒྲུབ་པར་ཞལ་འཆེས་ན། །བདག་ཅག་མགོན་གྱིས་ཕོངས་པ་ཡི། །ཁུར་འདི་ཁྱོད་ཀྱིས་བཟོད་ལགས་སམ། །འོན་ཀྱང་སྙིང་ནས་གསོལ་བཏབ་ན། །མགོན་ཁྱོད་ཐུགས་རྗེ་བྱིན་རླབས་ལ། །གཞར་ཡང་ཉེ་རིང་མེད་པ་འདིས། །སེམས་ལ་ངལ་བསོ་ཅུང་ཟད་ཐོབ། །འདི་ལྟའི་གནས་སྐབས་མཐོང་གྱུར་ཀྱང༌། །ད་དུང་རྟག་འཛིན་མ་ཞིག་པའི། །བདག་འདྲའི་