R200: བྱམས་པ་ཀུན་དགའ་བསྟན་འཛིན་རྣམ་ཐར།

  • Pagination (Witness A): ༣༤༢
[A:༣༤༢]སོགས་པའི་བསྙེན་བཀུར་ཤིན་ཏུ་བཟང་བར་བགྱིས་པ་ཡིན་ནོ། །གཞན་ཕྱོགས་ཐ་དད་ནས་ཀྱང་མགོན་པོ་གང་གི་ཐུགས་སྲས་རྣམས་ཀྱིས་ཐུགས་ཀྱི་དགོངས་པ་ཡོངས་སུ་རྫོགས་པའི་སླད་དུ་རྣམ་པར་དཀར་བའི་སྒོ་འཕར་ཡངས་པོར་ཕྱེས་པའི་ཚུལ་རྣམས་ནི་རེ་རེ་ནས་སྨོས་ཀྱིས་མི་ལང་ངོ༌། །མདོར་ན་བཀའ་དྲིན་གྱི་ཆ་ཤས་ཕྲ་མོ་ཙམ་ཡང་འདི་ནས་བྱང་ཆུབ་བར་དུ་གཞལ་དཀའ་བའི་བདག་ཅག་གི་དཔལ་ལྡན་བླ་མ་དམ་པ་ཡོན་ཏན་རིན་པོ་ཆེའི་ཕུང་པོར་གྱུར་པ་འདིའི་ཕྱོགས་སུ་བདག་ཅག་རྣམས་ཀྱིས་ལུས་ལོངས་སྤྱོད་དུས་གསུམ་དུ་བསགས་པའི་དགེ་བའི་རྩ་བ་དང་བཅས་པ་ཐམས་ཅད་བསྐལ་པའམ་བསྐལ་པ་ལས་ལྷག་པར་ཉིན་རེ་བཞིན་འབུམ་ཕྲག་དུ་མར་བཏང་ཡང་ཆུང་བའི་སྐྱོན་ཁོ་ན་ལས་མ་མཆིས་མོད། རེ་ཞིག་བདག་ཅག་རྣམས་ཀྱི་ནུས་པ་ནི་དེ་ཙམ་དུ་ཟད་དོ། །དེ་ལྟར་བདག་ཅག་གི་དཔལ་ལྡན་བླ་མ་དམ་པ་འདི་ནི་དོན་དམ་པར་བསྐལ་པ་དཔག་ཏུ་མེད་པའི་སྔོན་རོལ་ནས་སྐྱེ་འཆིའི་སྤྲོས་པ་ཐམས་ཅད་ཡོངས་སུ་སྤངས་ཀྱང༌། ཀུན་རྫོབ་ཏུ་བདག་ལྟ་བུའི་གདུལ་བྱ་རྟག་འཛིན་ཅན་རྣམས་འདུལ་བའི་སླད་དུ། གཟུགས་སྐུའི་བཀོད་པ་ཆོས་དབྱིངས་སུ་བསྡུས་པའི་ཚུལ་བསྟན་པར་གྱུར་མོད། འོན་ཀྱང་འཁོར་བ་ཇི་སྲིད་གནས་པ་དེ་སྲིད་དུ་སྤྲུལ་པ་སྣ་ཚོགས་པའི་སྒོ་ནས་སེམས་ཅན་གྱི་དོན་རྒྱུན་ཆད་མེད་པར་འབད་མེད་ལྷུན་གྲུབ་ཀྱི་ཚུལ་དུ་མཛད་པ་ཡིན་ཏེ། སྤྱོད་འཇུག་ལས། ཡིད་བཞིན་ནོར་བུ་དཔག་བསམ་ཤིང༌། །ཇི་ལྟར་རེ་བ་ཡོངས་སྐོང་བ། །དེ་བཞིན་གདུལ་བྱར་སྨོན་ལམ་གྱི། །དབང་གིས་རྒྱལ་བའི་སྐུར་སྣང་ངོ༌། །ཞེས་དང༌། རྡོ་རྗེ་གུར་ལས། གདུལ་བའི་འཇིག་རྟེན་མཐོང་ནས་ནི། །འདི་ཡི་གཟུགས་ནི་དུ་མར་བྱེད། །སངས་རྒྱས་སེམས་ཅན་སྐྱབས་བཞེད་པས། །སངས་རྒྱས་གར་ནི་རོལ་པར་མཛད། །ཅེས་གསུངས་པ་ལྟར་རོ། །ཉིན་བྱེད་ནུབ་རིར་ཉེ་བ་ན། །གྲིབ་མའི་ཚོགས་རྣམས་འོང་བ་བཞིན། །མགོན་ཁྱོད་ཞིང་གཞན་གཤེགས་བཞེད་ཚེ། །ལྟས་རྣམས་