R200: བྱམས་པ་ཀུན་དགའ་བསྟན་འཛིན་རྣམ་ཐར།

  • Pagination (Witness A): ༡༥༠
[A:༡༥༠]བཀྲ་ཤིས་གྲགས་པའི་རྒྱལ་མཚན་དཔལ་བཟང་པོ་ཞེས་ཡོངས་སུ་གྲགས་པའི་མཚན་སྙན་གྱི་རྒྱལ་རྔས་ཕྱོགས་ཀྱི་ཁོར་ཡུག་ཀུན་ཏུ་ཁྱབ་པར་གྱུར་པ་གང་དེའི་རྣམ་པར་ཐར་པ་སྐྱེ་བོ་ཐ་མལ་པ་རྣམས་ཀྱི་བློ་ངོར་སྣང་བ་དེ་མདོར་ཙམ་ཞིག་བརྗོད་པར་བྱ་སྟེ། དེ་ལ་བདུན། ཐོག་མར་སེམས་ཅན་གྱི་དོན་དུ་སྐུའི་སྐྱེ་བ་བཞེས་ནས་གཞོན་ནུ་རོལ་རྩེད་མཛད་པའི་ཚུལ། རྒྱལ་བའི་བསྟན་པ་རིན་པོ་ཆེའི་སྒོར་ཞུགས་ནས་རྒྱུད་སྡོམ་པ་གསུམ་ལྡན་དུ་མཛད་པའི་ཚུལ། ཞུགས་པའི་རྟེན་དེས་ཐོས་བསམ་སྒོམ་གསུམ་ཇི་ལྟར་མཛད་པའི་ཚུལ། ཕྲིན་ལས་ཀྱི་གཙོ་བོ་བསྟན་པ་དང་སེམས་ཅན་གྱི་དོན་རླབས་པོ་ཆེ་ཇི་ལྟར་མཛད་པའི་ཚུལ། ཆོས་ཀྱི་འཁོར་ལོ་བསྐོར་བའི་གྲུབ་འབྲས་བསྟན་འཛིན་གྱི་སློབ་མ་ཇི་ཙམ་བྱུང་བའི་ཚུལ། སྡོམ་པ་གསུམ་ལ་གཅེས་སྤྲས་སུ་མཛད་ཅིང་ཉམས་རྟོགས་ཇི་ལྟར་འཁྲུངས་པའི་ཚུལ་བྱེ་བྲག་ཏུ་བཤད་པ། མཐར་གདུལ་བྱ་རྟག་འཛིན་ཅན་རྣམས་ཆོས་ལ་བསྐུལ་བའི་ཆེད་དུ་གཟུགས་སྐུའི་བཀོད་པ་ཆོས་ཀྱི་དབྱིངས་སུ་བསྡུས་པའི་ཚུལ་བཤད་པའོ། །དེ་ལ་དང་པོ་སེམས་ཅན་གྱི་དོན་དུ་སྐུའི་སྐྱེ་བ་བཞེས་ནས་གཞོན་ནུ་རོལ་རྩེད་མཛད་པའི་ཚུལ་ནི། བདག་གི་བླ་མ་འཕགས་པ་འཇམ་པའི་དབྱངས་མི་རྣམས་ཀྱི་བླ་མར་གྱུར་པ། འཇིག་རྟེན་ན་འཇམ་དབྱངས་མཁྱེན་བརྩེའི་དབང་པོ་ཞེས་ཡོངས་སུ་གྲགས་པ་དེའི་ཞལ་སྔ་ནས་མཛད་པའི་མཁན་ཆེན་རྡོ་རྗེ་འཆང་ཆེན་པོ་འདིའི་རྣམ་ཐར་གསོལ་འདེབས་བྱིན་རླབས་བདུད་རྩིའི་སྤྲིན་མཛེས་ཞེས་བྱ་བ་ལས། རྡོ་རྗེ་འཆང་དབང་ཡེ་ཤེས་ལས་བྱུང་བའི། །བྱམས་པའི་ཐུགས་རྗེས་འགྲོ་རྣམས་སྒྲོལ་བའི་སླད། །ཀུན་དགའི་མཚན་དཔེར་ཤར་བའི་སྒྱུ་འཕྲུལ་གྱིས། །བསྟན་པའི་རྒྱལ་མཚན་འཛིན་ལ་གསོལ་བ་འདེབས། །མགོན་ཁྱོད་གདོད་ནས་ཞི་བ་མཆོག་བརྙེས་ཀྱང༌། །རྨད་བྱུང་སྙིང་རྗེའི་བདུད་རྩིའི་དཔྱིད་དཔལ་གྱིས། །དམ་པས་བསྔགས་པའི་རིགས་ཀྱི་དགའ་ཚལ་དུ། །གཟུགས་སྐུའི་ལྗོན་བཟང་འཁྲུངས་ལ་གསོལ་བ་