[A:༡༥༡]འདེབས། །ཐོག་མ་ཉིད་ནས་ངེས་པར་འབྱུང་བ་དང༌། །རིག་དང་བརྩེ་བའི་མེ་ཏོག་མཛེས་འབར་བས། །ཕྱོགས་བྲལ་དཔྱོད་ལྡན་འདུས་པའི་ཚོགས་རྣམས་ཀྱི། །བརྟན་པ་གཅིག་ཅར་འཕྲོག་ལ་གསོལ་བ་འདེབས། །ཞེས་གསུངས་པ་ལྟར་བདག་ཅག་གི་དཔལ་ལྡན་བླ་མ་དམ་པ་ངེས་པ་དོན་གྱི་རྡོ་རྗེ་འཆང་ཆེན་པོ་འདི་ནི་བསྐལ་པ་དཔག་ཏུ་མེད་པའི་སྔོན་རོལ་ནས་མངོན་པར་རྫོགས་པར་སངས་རྒྱས་སུ་ཟིན་ནའང་སྔོན་གྱི་སྨོན་ལམ་དང་སྙིང་རྗེའི་དབང་གིས་འཁོར་བ་ཇི་སྲིད་གནས་པ་དེ་སྲིད་དུ་སྤྲུལ་པ་སྣ་ཚོགས་པའི་སྒོ་ནས་སེམས་ཅན་གྱི་དོན་རྒྱུན་མི་འཆད་པར་མཛད་པ་ལས། རེ་ཞིག་ཁ་བ་ཅན་གྱི་གདུལ་བྱ་རྣམས་ལ་ཐུགས་ལྷག་པར་བརྩེ་བས་སོ་སོ་སྐྱེ་བོའི་རྡོ་རྗེ་སློབ་དཔོན་གྱི་རྣམ་རོལ་ཏུ་སྟོན་པར་བཞེད་དེ། དེ་ལ་འདིའི་འཁྲུངས་པའི་ཡུལ་ནི། སྙིགས་དུས་ཀྱི་རྡོ་རྗེ་འཆང་གཉིས་པ་ངོར་ཆེན་ཀུན་དགའ་བཟང་པོས་ཕྱག་བཏབ་པའི་གནས་མཆོག །ཡོན་ཏན་རིན་པོ་ཆེ་དུ་མའི་འབྱུང་གནས་དཔལ་ཨེ་ཝྃ་ཆོས་ལྡན་དང་ཉེ་བའི་སའི་ཆ། རིན་པོ་ཆེ་མརྒ་ཏའི་ཁ་དོག་འཛིན་པའི་ལྗོན་ཤིང་གི་ར་བས་མཛེས་པར་སྤུད་པའི་ཁྲོད་ན་བྱ་དང་བུང་བ་མང་པོས་སྙན་པའི་ངག་གི་གླིང་བུ་སྒྱུར་བ། གཙང་ཞིང་བསིལ་བའི་ཆུ་རྒྱུན་དུ་མ་ཕྱོགས་ཐ་དད་དུ་བབས་པ་ལས་ལྷུང་ལྷུང་གི་སྒྲ་སྙན་པར་སྒྲོགས་པ་སོགས་མདོར་ན་སྔོན་བསགས་ལེགས་བྱས་ཀྱི་མཐུ་ཕུན་སུམ་ཚོགས་པའི་བདག་པོའི་འབྲས་བུ་ཡོངས་སུ་སྨིན་པའི་གནས། བཀྲ་ཤིས་ཤིང་དགེ་མཚན་དུ་མས་ལེགས་པར་གཏམས་པའི་རྩེ་ན་རྒྱ་མཚོ་གླིང་ཞེས་པར། རྗེ་འདིའི་ཡབ་ནི་མཁན་ཆེན་ཐམས་ཅད་མཁྱེན་པ་བྱམས་པ་ནམ་མཁའ་འཆི་མེད་དང་ཡབ་ཡུམ་གཅིག་པའི་སྐུ་མཆེད་པདྨ་དོན་གྲུབ་ཅེས་བྱ་བ། རིགས་གཟུགས་ཕུན་སུམ་ཚོགས་ཤིང་སྟོབས་དང་དཔའ་རྩལ་གྱི་ཕུལ་དུ་སོན་པ། འཇིག་རྟེན་ལུགས་ཀྱི་བསྟན་བཅོས་མཐའ་དག་ལ་མཁས་པ་དེ་དང༌། ཡུམ་ནི་གནས་གྲོངས་ལ་སྒང་ཞེས་པ་སྒེར་བ་རྟ་རྐྱང་ཞིག་གི་རིགས་ལས་