[A:༡༨༧]དང་བཅས་པ་རྣམས་ཀྱི་ལུང༌། བིར་སྲུང་ནང་མའི་བྱིན་རླབས་སྒོམ་ལུང་དང་བཅས་པ། དེའི་བྱིན་རླབས་དང་ཉམས་ལེན། དེ་ཉིད་ལམ་འབྲས་ཀྱི་གདམས་ངག་དང་མཚོན་བྱེད་དུ་སྦྱར་བ་ངོར་ཆེན་གྱིས་མཛད་པ། དེས་མཛད་པའི་བིར་སྲུང་གསར་མར་གྲགས་པ་རྣམས་ཀྱི་ལུང༌། ལམ་སྦས་བཤད་ཀྱི་བྱིན་རླབས། རྣམ་འཇོམས་བིར་ལུགས་ལྷ་བདུན་ཅུ་རྩ་ལྔའི་བྱིན་རླབས། བླ་མ་དོན་ཡོད་གྲུབ་པ་ལ་བརྟེན་པའི་བླ་མའི་རྣལ་འབྱོར་ཚར་གསུམ་ཁུག་པའི་བྱིན་རླབས། རྟེན་འབྲེལ་སྙིང་པོའི་སྲུང་བའི་བྱིན་རླབས། གསུང་ངག་རིན་པོ་ཆེའི་བརྗོད་བྱའི་སྙིང་པོ་བསྡུས་པ་བརྡ་དོན་གསལ་བའི་བྱིན་རླབས། དབང་བཞིའི་བརྡ་ཆིག་བརྒྱུད་དུ་སྟོན་པའི་བྱིན་རླབས། སྒྲུབ་པ་ལུང་སྦྱིན་དང༌། གསང་བཅུའི་རྒྱས་གདབ་ཀྱི་བྱིན་རླབས། མཐར་གསུང་ངག་རིན་པོ་ཆེའི་བསྟན་པ་གཏད་པའི་ཚུལ་དུ་མགོན་རྐྱང་གི་རྗེས་སུ་གནང་བ་དང་བཅས་པ་རྣམས་དང༌། གཞན་ཡང་ངག་དབང་ཆོས་གྲགས་ཀྱིས་མཛད་པའི་སེམས་བསྐྱེད་ཀྱི་ཆོ་ག །ལམ་ཟབ་ཕྱི་ནང༌། བླ་མ་རིན་འབྱུང༌། བིར་སྲུང་ཕྱི་ནང་གི་བྱིན་རླབས་བྱ་ཚུལ་གྱི་ཡི་གེ་རྣམས་ཀྱི་ལུང་དང་བཅས་པ་གསན་ཞིང་ལེགས་པར་ཁོང་དུ་ཆུད་པར་མཛད་དོ། །ཡང་ས་སྐྱ་པའི་གསེར་ཆོས་བཅུ་གསུམ་དུ་གྲགས་པའི་ནང་ཚན་མཆོག་བསྒྲུབས་པས་ཐུན་མོང་ཞར་ལས་འབྱུང་བ་དམར་མོ་སྐོར་གསུམ་གྱི་ནང་ནས་མཆོག་ཏུ་གྱུར་པ་རྒྱལ་ཡུམ་རྡོ་རྗེ་རྣལ་འབྱོར་མ་ལས་ནཱ་རོ་པས་དངོས་སུ་གསན་ཅིང༌། དེས་ཀྱང་ཕམ་མཐིང་པ་སྐུ་མཆེད་ཁོ་ན་ལས་གཞན་སུ་ལའང་མ་གནང་བའི་ནཱ་རོ་མཁའ་སྤྱོད་ཀྱི་སིནྡྷཱུ་རའི་དཀྱིལ་འཁོར་ལ་བརྟེན་པའི་བྱིན་རླབས་ཤིན་ཏུ་ཟབ་པ་དང༌། འཇམ་དབྱངས་མཁྱེན་བརྩེའི་དབང་ཕྱུག་གི་ཁྲིད་ཡིག་ལ་སོགས་པའི་སྟེང་ནས་སྔོན་འགྲོ་ཐུན་མོང་དང་ཐུན་མོང་མ་ཡིན་པ། བསྐྱེད་རིམ་