[A:༥༢༢]བསམ་སྐྱེད་མོས་ཚལ་ལས་མངོན་པར་འདོད་པའི་མེ་ཏོག་རྣམས། །སྤྲོ་བ་མཆོག་གིས་ལེགས་པར་བཏུས་ནས་སྡེབ་ལེགས་ཚིག་གི་སྲད་བུ་ལ། །མཛེས་པར་བརྒྱུས་པའི་ཐར་འདོད་རྒྱན་འདི་སྐྱབས་ཡུལ་རྒྱ་མཚོའི་བྱིན་མཐུ་ཡིས། །གེགས་ཀྱི་སྦྱོར་བས་ནམ་ཡང་རྙིང་མིན་འདོད་དོན་འབྲས་བུ་གཡུར་ཟ་ཤོག ༢༢ །བཀྲ་ཤིས་གང་ཞིག་བསྐལ་མང་རྙེད་དཀའི་བདེ་སྟོང་གཉིས་སུ་མེད་པ་ཡི། །ལྷན་སྐྱེས་ཡེ་ཤེས་ནོར་བུའི་སྙེ་མ་སྐད་ཅིག་ཉིད་ལ་ལག་པའི་རྩེར། །སྦྱིན་མཁས་སྐྱབས་ཀུན་འདུས་པའི་ངོ་བོ་དཔལ་ལྡན་བླ་མའི་ཚོགས་རྣམས་ཀྱི། །བཀྲ་ཤིས་བྱིན་རླབས་སྣང་བ་གསར་པས་སྲིད་ཞིའི་ཁམས་ཀུན་ཁྱབ་གྱུར་ཅིག ༢༣ །དེ་ལྟར་དཔལ་ལྡན་བླ་མ་དམ་པ་གསུམ་གྱི་རྟོགས་པ་བརྗོད་པ་ངོ་མཚར་མེ་ཏོག་གཡོ་བའི་འཁྲི་ཤིང་བྱིན་རླབས་འདོད་རྒུའི་འབྱུང་གནས་ཞེས་བྱ་བ་འདི་འང༌། སྔ་མོ་ནས་སྙིགས་དུས་ཀྱི་ཐམས་ཅད་མཁྱེན་པ་འཇམ་པའི་དབྱངས་མཁྱེན་བརྩེའི་དབང་པོའི་ཞལ་སྔ་ནས་རྗེ་བླ་མ་དམ་པ་འདི་གསུམ་གྱི་རྟོགས་བརྗོད་ཅིག་ངེས་པར་མ་བྱུང་ཐབས་མེད་དུ་དགོངས་ནས་རྣམ་ཐར་ཞིག་ལྗགས་རྩོམ་སྩལ་རྒྱུའི་ཐུགས་བཞེད་ཡོད་པའི་ཁར། བདག་གིས་ཀྱང་གསོལ་བ་བཏབ་པས་ཁྱོད་ཀྱིས་རྒྱུས་ཡོད་ཀྱི་ཐོ་ཛར་ཞིག་བྱུང་ཚེ་དེ་བཞིན་བྱའོ་ཞེས་ཞལ་བཞེས་ཐོབ་པར་གྱུར་ནའང༌། དེ་རྗེས་གུས་ཕྲན་རང་ལེ་ལོ་དང་སྙོམ་ལས་ཁོ་ནའི་གཞན་དབང་དུ་སོང་ནས་ཐོ་ཛར་དེ་བྲི་མ་ཐུབ་པར་ཡུན་རིང་པོར་སོང་བའི་མཐར། སླར་ཡང་སྙིགས་དུས་ཀྱི་ཐམས་ཅད་མཁྱེན་པ་མཆོག་གི་ཞལ་ནས། ཁོ་བོའང་འཆད་རྩོད་རྩོམ་གསུམ་དང༌། སྐབས་སྐབས་སུ་ཡི་དམ་ལྷའི་བསྙེན་པ་འདྲ་བྱ་དགོས་པ་བཅས་ཀྱི་བྲེལ་གཡེང་ཁོ་ནས་རེ་ཞིག་རྣམ་ཐར་འབྲི་བའི་ལོང་མེད་པ་ལྟ་བུར་གྱུར་པས། ད་ནི་རྣམ་པར་ཐར་པ་དེ་ཁྱོད་ཀྱིས་བྲིས་ཤིག་ཅེས་བཀའ་སྩལ་རིན་པོ་ཆེ་གསེར་གྱི་ཅོན་པན་ལྟ་བུ་སྤྱི་བོར་སྩལ་བ་ལ་བརྟེན་གྱེན་ལྡོག་མ་སྤོབས་པར་རིགས་དང་དཀྱིལ་འཁོར་རྒྱ་མཚོའི་