[A:༥༢༡]དཔལ་ལ་སྦྱོར་བའི་དགེ་མཚན་སྣང་བར་འབར་གྱུར་ཅིག ༡༦ །བླ་གོས་དམར་པོའི་འོད་རྡུལ་སྟུག་པོས་ཐུན་མཚམས་ཆུ་འཛིན་ཟིལ་གནོན་པའི། །འདུས་པ་རྣམས་ཀྱང་ཚུལ་ཁྲིམས་ཕུང་པོ་རང་གི་སྲོག་ལས་གཅེས་པར་ལྟ། །ཐོས་བསམ་བསྒོམ་པའི་ལང་ཚོ་རབ་རྫོགས་འཆད་རྩོད་རྩོམ་པའི་གཟི་འོད་ཀྱིས། །ཉེས་པའི་ར་རི་ཡོངས་སུ་འཕྲོག་བཞིན་གོང་ནས་གོང་དུ་འཕེལ་བར་ཤོག ༡༧ །བདེ་གཤེགས་བསྟན་པའི་གདུགས་དཀར་རབ་གཡོ་ཕན་བདེའི་གྲིབ་བསིལ་འཇོ་བ་གང༌། །སྙིང་སྟོབས་དཔུང་པས་སྲིད་རྩེར་འདེགས་ལ་གསང་བདག་རྗེས་སུ་རྐང་འཇོག་པའི། །བསྟན་པའི་སྦྱིན་བདག་ཆེན་པོ་ཀུན་གྱི་ཚེ་བསོད་དཔལ་འབྱོར་སྙན་གྲགས་སོགས། །ལེགས་པའི་ཡོན་ཏན་ཡར་ངོའི་ཟླ་བཞིན་གོང་ནས་གོང་དུ་འཕེལ་བར་ཤོག ༡༨ །ཆོས་ལྡན་རྒྱལ་པོའི་བཀའ་ཡི་སྤྲིང་ཡིག་ཕྱོགས་ཀྱི་རྒྱལ་ཕྲན་མགོ་བོ་ལ། །རྣམ་པར་འགོད་པའི་ངོ་མཚར་རབ་གཡོ་དགེ་བཅུའི་ཁྲིམས་ཀྱི་ར་བ་ན། །སྐྱེ་རྒུ་མཐའ་དག་བདེ་བར་ཚུད་ཅིང་ཀུན་ཀྱང་རྫོགས་ལྡན་དུས་་བཞིན་དུ། །སྡེ་བཞིའི་དཔལ་ལ་ཅི་དགར་སྤྱོད་པའི་དགེ་མཚན་དར་ལ་བབས་གྱུར་ཅིག ༡༩ །སྡུག་བསྔལ་བརྒྱ་ཕྲག་དུ་མས་རབ་གཙེས་ཁམས་གསུམ་སེམས་ཅན་ཐམས་ཅད་ཀྱང༌། འཁོར་བའི་སྡུག་བསྔལ་རྒྱུ་དང་བཅས་པ་དུག་ཅན་ཟས་བཞིན་རབ་སྤངས་ནས། །ཕར་ཕྱིན་དྲུག་དང་བསྡུ་དངོས་བཞི་སོགས་བྱང་ཆུབ་སྤྱོད་མཆོག་ལ་ཞུགས་ཏེ། །སྐུ་བཞི་ཡེ་ཤེས་ལྔ་དང་ལྡན་པའི་གོ་འཕང་མྱུར་དུ་ཐོབ་གྱུར་ཅིག ༢༠ །བདག་ཀྱང་དེང་ནས་ཚེ་རབས་ཀུན་ཏུ་མཚུངས་མེད་དགེ་བའི་བཤེས་རྣམས་ཀྱིས། །རྗེས་བཟུང་ཡོངས་རྫོགས་བསྟན་པའི་སྒོར་ཞུགས་ཐོས་བསམ་སྒོམ་པ་མཐར་ཕྱིན་ཞིང༌། །འཆད་རྩོད་རྩོམ་པས་བསྟན་དང་འགྲོ་ལ་ཕན་པ་རྒྱ་ཆེན་རབ་བསྒྲུབས་ནས། །རིང་མིན་ཐམས་ཅད་མཁྱེན་པའི་གོ་འཕང་བདེ་བླག་ཉིད་དུ་ཐོབ་པར་ཤོག ༢༡ །དེ་ལྟར་ལྷག་