[A:༣༤༧]གཟོད་ནས་ཐབས་དང་ཤེས་རབ་རྣལ་འབྱོར་གྱིས། །ཐམས་ཅད་མཁྱེན་པའི་རྒྱལ་སར་འཛེགས་ཟིན་ཀྱང༌། །འཇམ་དཔལ་དབྱངས་དང་ཀུན་ཏུ་བཟང་པོ་ལྟར། །འགྲོ་བ་སྒྲོལ་སླད་རྣམ་འཕྲུལ་བསམ་མི་ཁྱབ། །དེ་ལས་དམ་པའི་གྲིབ་བསིལ་དང་ལྡན་ཞིང༌། །བསྔགས་འོས་མེ་ཏོག་རབ་ཏུ་མཛེས་འབར་བས། །འགྲོ་ལ་འདོད་རྒུ་སྟེར་བའི་དཔག་བསམ་ཤིང༌། །གངས་ལྗོངས་བསོད་ནམས་བྱེ་བའི་མགྲོན་དུ་ཁུག །གང་དེའི་རྣམ་པར་དཀར་བའི་ཕྲིན་ལས་ཀྱི། །ཆ་ཤས་རེར་ཡང་ངོ་མཚར་འབུམ་གཡོ་བ། །དེ་ཀུན་སྲིད་ཞིའི་སྨྲ་བ་ཇི་སྙེད་པ། །གཅིག་ཏུ་ཚོགས་ཏེ་བརྗོད་ཀྱང་བྲི་བ་མེད། །འོན་ཏེ་རྒྱ་མཚོ་ཆེ་ལས་དག་བྱེད་རྒྱུན། །ཅུང་ཟད་བླངས་པས་དྲི་མ་འཁྲུད་པ་ལྟར། །དེ་བཞིན་དམ་པའི་ཡོན་ཏན་སྲིད་པ་ན། །རྙེད་པར་དཀའ་འདི་ཆ་ཙམ་གླེང་བར་བགྱི། །སྤྱི་དོན་གསུམ་པ་བདག་ཅག་རྣམས་ཀྱི་འདྲེན་པ་དམ་པ་ཁམས་གསུམ་གྱི་མགོན་པོ། ཉན་རང་ཐམས་ཅད་ཀྱི་བླ་མ། བྱང་ཆུབ་སེམས་དཔའ་རྣམས་ཀྱི་གཙོ་བོ། དཀྱིལ་འཁོར་རྒྱ་མཚོ་སྤྲོ་བ་དང་སྡུད་པའི་བྱེད་པོ། རིགས་ཐམས་ཅད་ཀྱི་ཁྱབ་བདག་དྲུག་པ་རྡོ་རྗེ་འཆང་ཆེན་པོ་དང་དབྱེར་མ་མཆིས་པ་མཚན་བརྗོད་པར་དཀའ་བ་དོན་གྱི་སླད་དུ་མཚན་ནས་སྨོས་ན་དཔལ་ཨེ་ཝཾ་ཆོས་ལྡན་གྱི་མཁན་རབས་ལྔ་བཅུ་པ་མཁན་ཆེན་ཐམས་ཅད་མཁྱེན་པ་རྣལ་འབྱོར་འཇམ་དཔལ་བཟང་པོ་བཀྲ་ཤིས་གྲགས་པའི་རྒྱལ་མཚན་དཔལ་བཟང་པོ་ཞེས་ཡོངས་སུ་གྲགས་པའི་སྙན་གྲགས་ཀྱི་དྲི་བཞོན་ནམ་མཁའི་མཐའ་དང་མངོན་པར་འགྲོགས་པ་འདི་ཉིད་ཀྱི་སྐུ་གསུང་ཐུགས་ཀྱི་རྣམ་པར་ཐར་པ་ཡོངས་སུ་རྫོགས་པ་ནི། དུས་གསུམ་གྱི་རྒྱལ་བ་སྲས་དང་བཅས་པ་རྣམས་ཀྱིས་ཀྱང་ཇི་བཞིན་དུ་བསྙད་པར་དཀའ་ན། བདག་ཅག་སོ་སོ་སྐྱེ་བོ་འཆིང་བ་ཀུན་དང་ལྡན་པ་རྣམས་ཀྱིས་ནི་སྨྲ་བ་ལྟ་ག་ལ་ཞིག །དེ་ལྟ་ནའང་སེམས་ཅན་དྲང་