[A:༣༤༨]པའི་ཐབས་ཀྱི་ཁྱད་པར་ལ་གཟིགས་ཏེ་རེ་ཞིག་བདག་ཅག་མི་རྣམས་ཀྱི་སྐལ་བ་དང་བསྟུན་ཏེ་ཐུན་མོང་པའི་མཛད་པ་ཇི་ལྟར་མཛད་པའི་ཚུལ་མདོ་ཙམ་ཞིག་གླེང་བར་བྱ་སྟེ། དེ་ལ་བདུན། ཐོག་མར་ཤིང་སཱ་ལ་ཆེན་པོ་ལྟ་བུའི་རིགས་སུ་སྐུའི་སྐྱེ་བ་བཞེས་ནས་གཞོན་ནུ་རོལ་རྩེད་མཛད་པའི་ཚུལ། གཞན་དག་བསྟན་པ་ལ་འཇུག་པའི་གོ་རིམ་བསྟན་པའི་ཆེད་དུ་བསླབ་པ་རིན་པོ་ཆེའི་སྒོར་ཞུགས་ཏེ་ཐོས་བསམ་སྒོམ་གསུམ་ཇི་ལྟར་མཛད་པའི་ཚུལ། བསྟན་པའི་བདག་པོ་ཆེན་པོར་མངའ་གསོལ་ནས་བསྟན་པ་དང་སེམས་ཅན་གྱི་དོན་ཇི་ལྟར་མཛད་པའི་ཚུལ། སླར་ཡང་གནམ་བསྐོས་གཞུང་ས་དགའ་ལྡན་ཕོ་བྲང་པ་ཆེན་པོས་ཆེན་པོར་འོས་པའི་མཚན་དང་ཡོ་བྱད་ཀྱིས་ཆེན་པོའི་གོ་སར་མངའ་གསོལ་ནས་རྣམ་པར་དཀར་བའི་ཕྲིན་ལས་ཇི་ལྟར་མཛད་པའི་ཚུལ། གསུང་ལས་སྐྱེས་པའི་བསྟན་འཛིན་གྱི་སློབ་མ་ཇི་ཙམ་བྱོན་པའི་ཚུལ། སྡོམ་པ་གསུམ་ལ་གཅེས་སྤྲས་སུ་མཛད་ཅིང་ཉམས་སུ་བཞེས་པ་ལ་བརྟེན་ནས་ཉམས་རྟོགས་ཇི་ལྟར་འཁྲུངས་པའི་ཚུལ། མཐར་རྟག་འཛིན་ཅན་དང་ལེ་ལོ་ཅན་རྣམས་ཆོས་ལ་བསྐུལ་བའི་སླད་དུ་གཟུགས་སྐུའི་བཀོད་པ་ཆོས་དབྱིངས་སུ་བསྡུས་ཀྱང་སེམས་ཅན་གྱི་དོན་རྒྱུན་མི་འཆད་པའི་ཚུལ་ལོ། །དེའི་དང་པོ་ནི། མགོན་པོ་འཇམ་པའི་དབྱངས་ཀྱི་རྣམ་པར་འཕྲུལ་པ་འཇམ་པའི་དབྱངས་མཁྱེན་བརྩེ་དབང་པོའི་ཞལ་སྔ་ནས་མཛད་པའི་རྗེ་འདིའི་རྣམ་ཐར་དང་བསྟུན་པའི་གསོལ་འདེབས་བྱིན་རླབས་བདུད་རྩིའི་ཆུ་གཏེར་ཞེས་བྱ་བ་ལས། དཔལ་ལྡན་རྡོ་རྗེ་འཆང་དབང་གདུལ་བྱ་རྣམས། །རྣལ་འབྱོར་ཟབ་མོའི་ལམ་གྱིས་རྗེས་གཟུང་ཕྱིར། །འཇམ་དཔལ་ངུར་སྨྲིག་འཛིན་པའི་སྐུར་སྟོན་པ། །རྣམ་འདྲེན་བཟང་པོའི་ཞབས་ལ་གསོལ་བ་འདེབས། །ཟབ་གསལ་གཉིས་མེད་ཆོས་སྐུའི་ངང་ཉིད་ལས། ཡན་ལག་བདུན་ལྡན་ལོངས་སྐུའི་རྣམ་རོལ་ནི། །གང་འདུལ་སྤྲུལ་པའི་སྒྱུ་འཕྲུལ་དྲྭ་བའི་གར། །དམ་པའི་