R204: ཁམས་གསུམ་འགྲོ་བའི་འདྲེན་པ་མཁན་ཆེན་རྡོ་རྗེ་འཆང་བྱམས་པ་ཀུན་དགའ་བསྟན་པའི་རྒྱལ་མཚན་དཔལ་བཟང་པོའི་རྣམ་པར་ཐར་པ་ཡོན་ཏན་མཐའ་ཡས་པའི་རྒྱ་མཚོ་དངོས་གྲུབ་ཀྱི་རྦ་རླབས་རྣམ་པར་གཡོ་བ།

  • Pagination (Witness A): ༦༢༤
[A:༦༢༤]པས་ཀྱང་མཛེས་པར་མི་བགྱིད་པ་དང༌། ལྷག་པར་དགའ་བ་ལ་སོགས་པ་ནང་གི་འགྱུར་བ་ཆེན་པོ་བརྒྱད་འཕེལ་བ་ལས་བྱུང་བའི་སྒེག་པ་དང༌། དཔའ་བ་སོགས་སྙན་ངག་གི་ཉམས་སྣ་ཚོགས་དང་ལྡན་པའི་གོམ་སྟབས་མཛེས་པར་བསྐྱོད་པས་བློ་གྲོས་དང་ལྡན་པ་དག་ལ་ཡིད་ཀྱི་འགྱུར་བ་རང་དབང་དུ་སྐྱེད་པར་ནུས་པའི་ཡོན་ཏན་ཁྱད་པར་འཕགས་པ་དང་ལྡན་པའི་ཕྱིར་སྨྲ་བའི་དབང་ཕྱུག་ཆེན་པོ་དག་གིས་ཀྱང་ངོ་མཚར་གྱི་མིག་བགྲད་པའི་སྤྱི་བོ་ན་གཙུག་གི་ནོར་བུ་བཞིན་དུ་བཀུར་ཏེ་མངོན་པར་སྔགས་པའི་འོས་སུ་གྱུར་པ་དང༌། ལེགས་པར་བཤད་པའི་ཆ་ཤས་གང་ལ་བརྟགས་ཀྱང་སྡེབ་སྦྱོར་གྱི་ངལ་བསོའི་གནས་དང༌། མཚམས་སྦྱོར་བ་དང༌། ཡུལ་དུས་སྒྱུ་སྩལ་དང་འགལ་བ་ལ་སོགས་པའི་སྐྱོན་གྱི་རིགས་ཕྲ་མོ་ཙམ་གྱིས་ཀྱང་རེག་པའི་གོ་སྐབས་མེད་པ་དང༌། ཁྱད་པར་དུའང་ཟབ་མོ་ནང་དོན་རིག་པའི་སྡེ་སྣོད་ཐེག་པ་ཆེ་ཆུང་དང༌། རྒྱུད་སྡེ་བཞིའི་རྣམ་བཤད་དང༌། ཁྲིད་ཀྱི་རིམ་པ་སོགས་དགོངས་འགྲེལ་གྱི་བསྟན་བཅོས་ཕུལ་དུ་བྱུང་བ་དག་ལ། རིག་པ་དྲི་མ་མེད་པས་ཇི་ཙམ་བརྟགས་ཀྱང་རང་རང་གི་ཁུངས་སུ་གྱུར་པའི་ལུང་དེ་དང་དེ་ལས་ཕྱི་རོལ་དུ་གྱུར་པ་ཕྲ་མོ་ཙམ་མམ། རིགས་པའི་རྣམ་གྲངས་འདི་ལྟ་བུ་ཞིག་དང་འགལ་གྱིས་དོགས་པའམ། རང་ཚིག་སྔ་ཕྱི་དང་འགལ་བ་སོགས་ཉེས་པའི་དྲི་མ་ཅུང་ཟད་ཙམ་གྱིས་ཀྱང་རེག་པར་མི་ནུས་པ་ནི་བློ་དང་ལྡན་པ་དག་གིས་བདག་ཉིད་ཆེན་པོ་འདིའི་གསུང་རབ་རིན་པོ་ཆེ་དག་ལ་ཞིབ་ཏུ་དཔྱད་པས་རྟོགས་ནུས་པ་ཡིན་ནོ། །དེ་ལྟ་བུའི་ལེགས་པར་བཤད་པའི་རྣམ་གྲངས་ཇི་སྙེད་ཅིག་བཞུགས་པ་རེ་རེ་ནས་སྨོས་ཀྱིས་མ་ལངས་ཀྱང༌། མཚན་བྱང་རགས་རིམ་ཙམ་བརྗོད་ན། མཁན་ཆེན་རྡོ་རྗེ་འཆང་བྱམས་པ་ཀུན་དགའ་བསྟན་འཛིན་གྱི་ཞབས་བརྟན་གསོལ་འདེབས་ལེའུ་ཚན་བཞི། རྗེ་དེ་ཉིད་ཀྱི་མཆོག་སྤྲུལ་མྱུར་འབྱོན་གྱི་གསོལ་འདེབས་འདོད་དོན་མྱུར་འགྲུབ་ཀྱི་ཕོ་ཉ། མཁན་ཆེན་རྡོ་རྗེ་འཆང་རྣལ་འབྱོར་