R204: ཁམས་གསུམ་འགྲོ་བའི་འདྲེན་པ་མཁན་ཆེན་རྡོ་རྗེ་འཆང་བྱམས་པ་ཀུན་དགའ་བསྟན་པའི་རྒྱལ་མཚན་དཔལ་བཟང་པོའི་རྣམ་པར་ཐར་པ་ཡོན་ཏན་མཐའ་ཡས་པའི་རྒྱ་མཚོ་དངོས་གྲུབ་ཀྱི་རྦ་རླབས་རྣམ་པར་གཡོ་བ།

  • Pagination (Witness A): ༦༢༣
[A:༦༢༣]བསྟན་བཅོས་དྲི་མ་མེད་པའི་ལུང་གི་ཚོགས་ཆར་དུ་བསྙིལ་བས་རྒྱལ་བའི་བསྟན་པ་རིན་པོ་ཆེ་ཉི་མ་ཤར་བ་ལྟར་གསལ་བར་མཛད་པ་ཡིན་ནོ། །དེ་ལྟར་བདག་ཅག་གི་དཔལ་ལྡན་བླ་མ་དམ་པ་སྨྲ་བའི་ཁྱུ་མཆོག་ཆེན་པོ་འདིས་བརྒལ་ལན་གྱི་རིམ་པ་དེ་ལྟ་བུའི་སྒོ་ནས་འབེལ་བའི་གཏམ་གཏན་ལ་ཕབ་པ་ན་འགའ་ཞིག་མ་རངས་ཏེ་རྒོལ་བའི་བསམས་པས་ཉིད་ཀྱི་དྲུང་དུ་ལྷགས་ཏེ་རྩོད་པའི་རིམ་པ་ཅུང་ཟད་ཙམ་ཡང་གླེང་སློང་བར་ནུས་པའི་གང་ཟག་མ་ཞུམས་པའི་སྤོབས་པ་གཟེངས་སུ་མཐོ་བ་དེ་འདྲ་བ་ནི་རང་གཞན་གྱི་གྲུབ་མཐའ་སྨྲ་བ་གང་གི་ཁྲོད་ན་དུས་ནམ་དུའང་མངོན་པར་མ་གྱུར་ལ། རྣམ་པར་དཔྱད་པ་དེ་དག་ཀྱང་དགོངས་པ་དང༌། དགོངས་པ་མ་ཡིན་པ་ལ་སོགས་པ་མཐའ་དྲུག་གི་ཚུལ་ལ་མཁྱེན་པའི་མངའ་བདག་ཏུ་གྱུར་པའི་དབང་གིས་རྒྱལ་བ་ཉིད་ཀྱི་དགོངས་པ་རྨ་མེད་པ་དང་མཐུན་པར་གཏན་ལ་མ་ཕེབས་པ་ནི་མི་སྲིད་པ་ཡིན་ནོ། །རྩོམ་པ་ནི། སྤྱིར་རྗེ་བཙུན་དམ་པ་འདི་ཉིད་ཀྱི་གསུང་རབ་རིན་པོ་ཆེ་རྣམས་ནི་འཇིག་རྟེན་གསུམ་ན་སྒྲ་དབྱངས་བརྗོད་པ་མ་ལུས་པ་གསལ་བར་མཛད་པའི་གསུང་གི་དབང་ཕྱུག་ཆེན་པོ་འཇམ་དཔལ་གཞོན་ནུར་གྱུར་པ་ཉིད་ཀྱི་གསུང་གི་གསང་བ་བསམ་གྱིས་མི་ཁྱབ་པ་དང་དབྱེར་མི་ཕྱེད་པ་ཁོ་ན་སྟེ། དེའང་འཇིག་རྟེན་པའི་ལུང་སྡེ་ཆེན་པོ་བཞི་བརྗོད་བྱའི་གཙོ་བོར་བྱས་ཏེ་ཚིགས་སུ་བཅད་པ་དང༌། རྐྱང་པ་དང༌། སྤེལ་བ་གསུམ་གྱི་བདག་ཉིད་ཅན་ལས་ལྷའི་དབང་པོའི་བཞོན་པ་གླང་པོ་ཆེ་ས་སྲུང་གི་བུའི་ལུས་ལྟ་བུུ་ལ། འཕགས་ཡུལ་དུ་བྱོན་པའི་ཕྱོགས་ཀྱི་མཁས་པ་ཆེན་པོ་དག་གི་བཞེད་སྲོལ་ཐ་དད་པ་དང༌། རང་བཞིན་བརྗོད་པ་སོགས་ཐུན་མོང་གི་ལམ་སྲོལ་དུ་གྱུར་པའི་ཚིག་རྒྱན་གྱི་བྱེ་བྲག་རྣམ་པ་མང་པོས་ལུས་ཀྱི་ཁྱད་པར་ཇི་ལྟར་མཛེས་པ་དེ་ལྟ་བུ་ནི་རིན་ཆེན་ཨིནྡྲ་ནཱི་ལ་དང༌། པདྨ་རཱ་ག་དང༌། མརྒད་ལ་སོགས་པ་འཇིག་རྟེན་ན་རིན་ཐང་གཞལ་དུ་མེད་པའི་རྒྱན་གྱི་ཚོགས་བགྲང་དུ་མེད་