[A:༦༧༧]ཇི་སྲིད་བསྟན་པའི་སྒྲོན་མེ་འབར་གྱུར་པ། །དེ་སྲིད་ངོ་མཚར་གཏམ་གྱི་རྣ་རྒྱན་འདིས། །འཇིག་རྟེན་གསུམ་པོར་མཛེས་པ་སྦྱིན་གྱུར་ཅིག །བཀྲ་ཤིས་གང་ཞིག་གཙུག་གི་ནོར་བུར་བླ་མའི་ཞབས་སེན་འབྲལ་བ་མེད། །བསྐལ་མང་རྙེད་དཀའ་གསུང་གི་བདུད་རྩིས་སྙིང་ལ་སིམ་པ་ཐོབ་གྱུར་ཅིང༌། །བདེ་སྟོང་གཉིས་མེད་ཡེ་ཤེས་ཆེན་པོ་རྟག་ཏུ་རོལ་པའི་དགའ་སྟོན་གྱི། །བཀྲ་ཤིས་སྣང་བས་སྲིད་ཞིའི་ཁྱོན་ཀུན་ཡོངས་སུ་ཁྱབ་པ་ཉིད་གྱུར་ཅིག །བཅུ་ཕྲག་རིག་པའི་མཐར་སོན་མཁས་པའི་རྗེ། །སྡོམ་གསུམ་དྲི་མས་མ་གོས་བཙུན་པའི་མཆོག །རིམ་གཉིས་ལས་བྱུང་འོད་གསལ་མངོན་དུ་གྱུར། །འཇམ་དབྱངས་ཤེས་རབ་རྒྱ་མཚོར་གསོལ་བ་འདེབས། །ཞེས་མཁན་ཆེན་རྡོ་རྗེ་འཆང་བྱམས་པ་ཀུན་དགའ་བསྟན་པའི་རྒྱལ་མཚན་དཔལ་བཟང་པོའི་རྣམ་པར་ཐར་པ་ཡོན་ཏན་མཐའ་ཡས་པའི་རྒྱ་མཚོ་དངོས་གྲུབ་ཀྱི་རྦ་རླབས་རྣམ་པར་གཡོ་བ་ཞེས་བྱ་བ་འདིའང༌། རྗེ་རྡོ་རྗེ་འཆང་དེ་ཉིད་གཟུགས་སྐུ་མཁའ་འགྲོའི་གྲོང་ཁྱེར་དུ་བསྡུ་བའི་ཚུལ་བསྟན་པའི་ཕྱིས་ལོ་ལྕགས་ལུག་གི་ལོར་རྒྱལ་བའི་རྒྱལ་ཚབ་ཆེན་པོ་མཁན་ཆེན་རྡོ་རྗེ་འཆང་ངག་གི་དབང་ཕྱུག་འཇམ་དབྱངས་རིན་ཆེན་རྡོ་རྗེའི་ཞལ་སྔ་ནས་བཀྲ་ཤིས་པའི་ལྷ་རྫས་དང༌། རིན་ཆེན་དང་པོའི་གནང་སྐྱེས་གྱ་ནོམ་པ་དང་བཅས་རྗེ་རིན་པོ་ཆེའི་རྟོགས་བརྗོད་འདི་ལྟ་བུ་ཞིག་བྲིས་ཤིག་ཅེས་བཀའི་ཕྲེང་བ་གཙུག་གི་རྒྱན་དུ་སྩལ་བ་ལྟར་བདག་ཅག་གི་མཉམ་མེད་ཨ་ཙཱརྱ་ཆེན་པོ་བཅུ་ཕྲག་རིག་པའི་མ་ཧཱ་པཎྜི་ཏ་དཔོན་སློབ་འཇམ་པའི་དབྱངས་ཤེས་རབ་རྒྱ་མཚོས་བརྗོད་བྱའི་དོན་ཟབ་ཅིང༌། དཔྱད་གསུམ་གྱིས་རིག་པས་གྲུབ་པས་ཐར་འདོད་རྣམས་ཀྱི་སྙིང་ལ་དད་གསུམ་མེ་ཏོག་གསར་དུ་བཞད་ཅིང༌། སྡེབ་ལེགས་ཚིག་གིས་མཁས་