[A:༦༧༦]ཇི་ལྟར་རིགས། །འོན་ཏེ་འཇམ་མགོན་བླ་མའི་ཚོགས་རྣམས་ཀྱིས། །རྡོ་རྗེའི་བཀའ་ལུང་བདུད་རྩིའི་ཐིགས་པ་ཡིས། །ལན་བརྒྱར་བྲན་ཚེ་སྐལ་བཟང་ཨུཏྤལར། །སྨྲ་བའི་འདབ་བརྒྱ་མི་འབྱེའི་དབང་ཡང་ཅི། །ནམ་མཁའ་ཟད་པས་འདབ་ཆགས་ལྡོག་མིན་གྱི། །རང་གི་མཐུ་སྟོབས་ཟད་པས་ལྡོག་པ་ལྟར། །བརྗོད་པ་གང་གིས་བདག་བློ་མཐར་ཐུག་ཀྱང༌། །ཡོན་ཏན་རྒྱ་མཚོའི་ཕ་མཐའ་ཇི་ལྟར་མངོན། །རབ་བརྗིད་གསེར་གྱི་རི་ལས་ཆད་པའི་དུམ། །འཇིག་རྟེན་འདི་ན་རིན་ཆེན་གྱིས་ལྕི་ལྟར། །ཡོན་ཏན་ཡིད་བཞིན་ནོར་བུའི་ཆ་ཤས་ཙམ། །འདིས་ཀྱང་བློ་ལྡན་དགའ་བ་ཅིས་མི་སྐྱེད། །དད་པ་རྒྱ་མཚོའི་གྲུ་གཟིངས་ལ་བརྟེན་ནས། །རྣམ་ཐར་ནོར་བུའི་གླིང་བུ་འཇུག་འདོད་ན། །མ་དད་མ་གུས་ཕྱོགས་ལྷུང་རྙོག་མའི་རྡུལ། །གཟུར་གནས་བློ་ཡིས་ཕྱིས་ལ་ཚུལ་འདིར་ལྟོས། །ཡོན་ཏན་མི་ཟད་ཆུ་བོ་ཆེན་པོའི་རྒྱུན། །འདི་འདྲའི་རྗེས་སུ་ཅུང་ཟད་གང་བསླབས་པ། །དག་པའི་ཡིད་ཅན་དེ་ཡི་ལག་རྩེ་ན། །རྣམ་མཁྱེན་བདུད་རྩིའི་དཔལ་ནི་རང་ཉིད་འོང༌། །གྲགས་པའི་རང་བཞིན་ཅན་དུ་འཇིགས་རྟེན་འདིར། །ཡང་དག་འཁྲུངས་པ་རྗེ་བཙུན་བླ་མ་དེའི། །གསང་གསུམ་ཡོན་ཏན་བརྗོད་ལ་ནོངས་པའི་དྲི། །ཇི་སྙེད་སྟོབས་བཞིའི་ཆུ་ཡིས་བཀྲུ་བར་བགྱི། །ཚུལ་འདིར་འབད་པའི་ལེགས་བྱས་བདུད་རྩིའི་ཆར། །དུས་གསུམ་བསགས་པའི་དགེ་ཚོགས་རྒྱ་མཚོ་དང༌། །གཅིག་ཏུ་འགྲོགས་པས་བསྟན་དང་འགྲོ་ཀུན་ལ། །ཕན་བདེའི་གསོས་སྨན་ཆེན་པོ་ཉིད་གྱུར་ཅིག །ཐོག་མ་མེད་ནས་རྨོངས་པའི་གདོན་གྱི་ནི། །བྱིན་རླབས་ཟབ་མོ་སྙིང་ལ་སྨིན་གྱུར་བདག །ལས་ཉོན་འཆིང་བ་ཆེན་པོ་ལས་གྲོལ་ཏེ། །བདེ་གཤེགས་སྙིང་པོའི་རང་ཞལ་མཐོང་བར་ཤོག །སྲིད་པ་མཐའ་དག་རབ་ཏུ་བསྒྲལ་བའི་སླད། །