R204: ཁམས་གསུམ་འགྲོ་བའི་འདྲེན་པ་མཁན་ཆེན་རྡོ་རྗེ་འཆང་བྱམས་པ་ཀུན་དགའ་བསྟན་པའི་རྒྱལ་མཚན་དཔལ་བཟང་པོའི་རྣམ་པར་ཐར་པ་ཡོན་ཏན་མཐའ་ཡས་པའི་རྒྱ་མཚོ་དངོས་གྲུབ་ཀྱི་རྦ་རླབས་རྣམ་པར་གཡོ་བ།

  • Pagination (Witness A): ༥༢༧
[A:༥༢༧]བདེ་བ་ལ་གཡེང་བའི་ཉན་རང་ཐམས་ཅད་མཐར་ཐུག་གི་མྱང་འདས་རྣམ་པ་ཐམས་ཅད་མཁྱེན་པའི་གྲོང་ཁྱེར་དུ་འཁྲིད་པ། རྨད་དུ་བྱུང་བའི་ཐུགས་རྗེ་དང་ཐབས་ལ་མཁས་པའི་མཛད་པས་སེམས་ཅན་ཐམས་ཅད་སྲིད་པ་གསུམ་གྱི་འདམ་རྫབ་ལས་བཏོན་ཏེ་ཐར་པ་ཆེན་པོའི་གོ་འཕང་ལ་འགོད་པ། མཁས་པ་དང༌། གྲུབ་པ་དང༌། རིག་པ་འཛིན་པ་ཐམས་ཅད་ཀྱི་སྤྱི་བོ་ལ་ཞབས་སེན་གྱི་པདྨོ་ངལ་བསོ་བ། འཆད་རྩོད་རྩོམ་གསུམ་གྱི་མཛད་པས་བསྟན་པ་རིན་པོ་ཆེ་འཇིག་རྟེན་གྱི་ཁམས་ཐམས་ཅད་དུ་ཡོངས་སུ་ཁྱབ་པར་མཛད་པ། རིགས་ཐམས་ཅད་དང་དཀྱིལ་འཁོར་ཐམས་ཅད་ཀྱི་བདག་ཉིད་དྲུག་པ་རྡོ་རྗེ་འཆང་ཆེན་པོ་དང་གཉིས་སུ་མ་མཆིས་པ། སའི་སྟེང་ན་ཉི་མ་དང་ཟླ་བ་ལྟར་འགྲན་པའི་ཟླ་ཐམས་ཅད་དང་བྲལ་བ། མཚན་བརྗོད་པར་དཀའ་བའི་རྗེ་བཙུན་དམ་པ་འདི་ནི་དུས་བསྐལ་པ་དཔག་ཏུ་མེད་པའི་སྔོན་རོལ་ནས་གསང་ཆེན་ཐུན་མོང་མ་ཡིན་པའི་ཉེ་རྒྱུའི་ལམ་ལ་བརྟེན་ནས་ཕྱི་ནང་གི་མངོན་པར་བྱང་ཆུབ་པ་ལྔའི་རིམ་པས་ལམ་གཞན་གྱིས་སྤོང་བར་མ་ནུས་པའི་སྒྲིབ་པ་གཉིས་ཀྱི་བག་ཆགས་ཤིན་ཏུ་ཕྲ་ཞིང་ཕྲ་བ་རྣམས་ཀྱང་སླར་མི་ལྡོག་པའི་ཚུལ་གྱིས་སྤངས་པ་ལ་བརྟེན་ནས་སྐུ་དང་ཡེ་ཤེས་གཉིས་སུ་མེད་པའི་བདག་ཉིད་ཅན་དུ་མངོན་པར་རྫོགས་པར་སངས་རྒྱས་ཏེ་སྟོབས་དང༌། མི་འཇིགས་པ་དང༌། མ་འདྲེས་པ་ལ་སོགས་པའི་ཡོན་ཏན་བསམ་གྱིས་མི་ཁྱབ་པའི་བདག་ཉིད་ཅན་དུ་བཞུགས་པ་ཡིན་ནོ། །དེ་ལྟར་ཡིན་པ་གང་ལས་ཤེས་ཞེ་ན།