R204: ཁམས་གསུམ་འགྲོ་བའི་འདྲེན་པ་མཁན་ཆེན་རྡོ་རྗེ་འཆང་བྱམས་པ་ཀུན་དགའ་བསྟན་པའི་རྒྱལ་མཚན་དཔལ་བཟང་པོའི་རྣམ་པར་ཐར་པ་ཡོན་ཏན་མཐའ་ཡས་པའི་རྒྱ་མཚོ་དངོས་གྲུབ་ཀྱི་རྦ་རླབས་རྣམ་པར་གཡོ་བ།

  • Pagination (Witness A): ༥༢༦
[A:༥༢༦]པ་སྲིད་ན་དཀོན་སྙམ་བགྱིད། །མགོན་པོ་སྲིད་གསུམ་གསལ་བའི་ཉི་མ་ཡིས། །བཏང་གྱུར་བསོད་ནམས་བྲལ་བའི་མིག་འདིས་ཅི། །ད་ཀོ་ལྷག་མར་གྱུར་པའི་རོ་འཛིན་ཙམ། །འདིས་ཀྱང་ཅི་ཕྱིར་སྙིང་པོ་ལེན་མི་བྱེད། །ཤེས་པའི་མིག་རབ་བཙུམས་གྱུར་བདག་གིས་ནི། །མཛད་པ་རྒྱ་མཚོའི་ཕ་མཐའ་ཇི་ལྟར་མཐོང༌། །འོན་ཏེ་ཐུན་མོང་མཛད་པའི་ཆ་ཤས་ཙམ། །ད་ལྟ་དྲན་པའི་ཡུལ་དུ་ལྷག་མར་ལུས། །གང་འདི་འཇིག་རྟེན་གཞན་དུ་མགོན་དེ་ཡིས། །ཡོངས་སུ་གཟུང་བའི་སྐལ་བཟང་ལ་རེ་ནས། །དད་དང་ཡོན་ཏན་དྲན་པའི་ཆུ་ཡིས་ནི། །བཞིན་གྱི་པདྨོ་འཁྲུ་ཞིང་འདིར་བརྗོད་དོ། །ཟླ་བ་རྫོགས་པའི་འོད་ཟེར་ལས་གསལ་བའི། །རྟོགས་བརྗོད་ནོར་བུའི་ཕྲེང་བ་འདི་སྦྱིན་གྱི། །དད་གསུམ་ལང་ཚོ་རྒྱས་པའི་ཤེས་ལྡན་དག །ལག་སོར་པདྨོ་ཟུམ་པས་ད་ལོང་ཞིག །དེའང་བདག་ཅག་གི་དཔལ་ལྡན་བླ་མ་དམ་པ་དུས་གསུམ་བདེ་བར་གཤེགས་པ་ཐམས་ཅད་ཀྱི་རིང་ལུགས་པ་ཆེན་པོ། །རྣམ་པར་ཐམས་ཅད་དུ་མ་སྨད་པའི་ཚུལ་ཁྲིམས་ཀྱི་སྡོང་པོ་རྒྱས་པ། དྲི་མ་མེད་པའི་ཤེས་རབ་ཟབ་མོས་ལུང་དང་རིགས་པ་རྒྱ་མཚོའི་ཕ་རོལ་ཏུ་བྱོན་པ། གཅིག་ཏུ་གཞན་དོན་ལ་དགོངས་པའི་བྱང་སེམས་ཀྱི་སྤྱོད་པ་ཟླ་བ་ལྟར་གང་བ། རབ་འབྱམས་རྒྱལ་བ་རྒྱ་མཚོའི་སྐུ་གསུང་ཐུགས་ཀྱི་གསང་བ་མ་ལུས་པ་གཅིག་ཏུ་འདུས་པའི་ངོ་བོ། གཏེར་ཆེན་པོ་ལྟར་དམ་ཆོས་རིན་པོ་ཆེ་སྣ་ཚོགས་པའི་འབྱུང་གནས། དུས་གསུམ་གྱི་རྒྱལ་བ་སྲས་དང་བཅས་པ་དང་པོ་བྱང་ཆུབ་ལ་འགོད་པའི་ལམ་བླ་ན་མེད་པ་སྟོན་པ། ཞི་བའི་