R206: རྗེ་བཙུན་བླ་མ་ཐམས་ཅད་མཁྱེན་ཅིང་གཟིགས་པ་འཇམ་དབྱངས་མཁྱེན་བརྩེའི་དབང་པོ་ཀུན་དགའ་བསྟན་པའི་རྒྱལ་མཚན་དཔལ་བཟང་པོའི་རྣམ་ཐར་མདོར་བསྡུས་པ་ངོ་མཚར་ཨུ་དུམ་བ་རའི་དགའ་ཚལ།

  • Pagination (Witness A): ༡༡༡
[A:༡༡༡]ཁྱོད་ལ་ལུང་བྱེད་དུ་འོང་བ་ཡིན་གསུངས། དྲང་སྲོང་དྲི་མེད་ཞི་བ་ཀུན་ཏུ་དགེ་བའི་སྒྲུབ་ཐབས་ལས་ཚོགས་དང་བཅས་པའི་དབང་ལུང་ཡུད་ཙམ་ལ་གནང་ནས་དཔེ་ཕྱག་ཏུ་གནང་བ་ཞིག་བྱུང༌། དེ་རྗེས་འཆི་མེད་སྤྲུལ་སྐུ་ནས་ལོགྟི་ཞི་བའི་སྒྲུབ་ཐབས་ཞིག་མཛད་པར་ཞུས། རྟེན་འབྲེལ་དུ་དགོངས་ཏེ་དྲང་སྲོང་དྲི་མེད་ཀུན་ཏུ་དགེ་བའི་སྒྲུབ་ཐབས་དབང་བསྐུར་ལས་ཚོགས་དང་བཅས་པ་དེ་གནང༌། འདི་སྐབས་གཏེར་གྱི་འཕྲོས་ཙམ་ཡང་མི་གསུང་ཞིང་རྗེ་ཉིད་ལ་གཏེར་ཁ་བཞུགས་པ་སུས་ཀྱང་མ་ཚོར་བའི་སྐབས་ཡིན་པས་མཛད་བྱང་སོགས་སུ་རྩོམ་ཆོས་ལྟ་བུར་གནང་བ་ལས་དོན་དུ་འདིའང་ཡང་གཏེར་གྱི་གྲལ་ཡིན་པར་སྣང་ངོ༌། །ཡང་རྗེ་ཉིད་ལ་སྔ་སོར་གསོལ་ངན་ཞིག་ཞུ་བར་བྱུང་བ་རླུང་གི་ནུས་པ་སོགས་ཀྱིས་དངོས་དེས་མ་ཚུགས་ཀྱང་བསྙུན་རོ་དེ་གྲིབ་རྐྱེན་སོགས་ཀྱིས་སྐབས་རེར་འཕར་ལྡངས་ཀྱིས་ཟུག་རྔུ་ཆེན་པོ་ལྡང་བ་ཡོད་པ་དེ་འདྲའི་རེས་ཞིག་ལ་ཕྲན་ནས་བྱབས་ཁྲུས་སོགས་སྐུ་རིམ་ཕུལ་བའི་སྐབས་ཤིག་ཏུ་གསུང་འཕྲོས་སུ། ཁོང་འཕགས་ཡུལ་དུ་པཎྜི་ཏ་སྒོ་མཐའ་ཡས་པའི་བློ་གྲོས་སུ་གྱུར་བ་དབེན་རི་ཞིག་ན་བཞུགས་པའི་སྐབས་སུ། ཡུལ་དེར་མུ་སྟེགས་ལ་དགའ་བའི་སྡིག་སྤྱོད་ཀྱི་རྒྱལ་པོ་སྟོབས་ཆེན་ཞིག་ཡོད་པ་དུས་བཟང་ཞིག་གི་ཉིན་བློན་འབངས་ཀྱི་ཚོགས་ཀྱིས་བསྐོར་ནས་སྐྱེད་མོས་ཚལ་དུ་སྐྱོ་སངས་ཀྱི་དགའ་སྟོན་ལ་སྤྱོད་པ་ན། རྒྱལ་པོ་ན་རེ། དི་རིང་སྐབས་གནས་ཉམས་དགའ། ཚེས་དུས་བཟང་པོ་ལ་སྔོན་མེད་པའི་དགའ་སྟོན་ཉམས་སུ་མྱོང་བའི་སྐབས་འདིར་བྱ་བ་ཁྱད་པར་ཅན་ཅིག་བྱེད་པའི་འདུན་མ་ཤོམ་དགོས་པས་ཁྱེད་བློན་འབངས་རྣམས་ཀྱིས་རང་རང་གིས་ཇི་ལྟར་འདོད་པ་རེ་སྨྲོས་ཤིག་བྱས་པའི་ཚེ། ལ་ལས་ནམ་མཁའི་ལྷ་མཆོད་པ་བཟང་ཟེར། ལ་ལས་གླུ་བྲོ་གར་གྱི་རྩེད་མོ་བྱེད་པ་བཟང་ཟེར། ལ་ལས་